ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་དཔལ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བྱང་རྩེ་གྲྭ་ཚང་དུ་ཞྭ་དམར་ལམ་རིམ་དང་ལམ་རིམ་རྣམ་གྲོལ་ལག་བཅངས་གཉིས་ཀྱི་ཆོས་འབྲེལ་རེ་ཞིག་མཇུག་བསྡུས་ཡོད་པ་དང་། ཉིན་མཐའ་མའི་སྔ་དྲོ་ཆོས་འབྲེལ་སྔོན་ལ་མོན་གྷོ་སེར་སྐྱ་མང་ཚོགས་དང་རྫ་ཆུ་ཁ་གཞིས་བྱེས་སེར་སྐྱ་མང་ཚོགས་གཉིས་ཀྱིས་གདུང་ཤུགས་དྲག་པོས་གསོལ་འདེབས་དང་འབྲེལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཁའ་འགྲོ་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་ལྟར་འབུལ་ཞུས་ཡོད་པ་རེད།         བསྟན་བཞུགས་སྐབས་༧གོང་ས་མཆོག་གིས་མོན་གྷོ་སེར་སྐྱ་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་དོན། དེ་རིང་རྫ་ཆུ་ཁ་པ་གཞིས་བྱེས་སེར་སྐྱ་མང་ཚོགས་དང་མོན་གྷོ་སེར་སྐྱ་མི་མང་ཚོས་བརྟན་བཞུགས་ཤིག་གོ་སྒྲིག་བྱས་པ་རེད། དུས་ཚོད་མེད་སྟབས་བརྟན་བཞུགས་གཉིས་པོ་ཟླ་བསྒྲིལ་བཏང་བ་རེད། ཁ་སང་བྲག་གཡབ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་བྲག་གཡབ་སེར་སྐྱ་མང་ཚོགས་ཀྱིས་བརྟན་བཞུགས་གོ་སྒྲིག་གནང་བ་ལྟར་དེ་རིང་འདིར་གཞིས་ལུས་རྒྱ་ཆེའི་མང་ཚོགས་རྣམས་ལུས་པོ་དངོས་སུ་འདིར་བསླེབས་མ་ཐུབ་ཀྱང་སེམས་ནང་དད་པ་དམ་ཚིག་གཡོ་བ་མེད་པར་རི་རབ་བཞིན་སྲ་བརྟན་ཐོག་གནས་ཡོད་པ་རྣམས་ཀྱི་ཆེད་དུ་བརྟན་བཞུགས་འབུལ་རྒྱུ་ཡིན་སྐོར་གསུང་པ་རེད། དེར་བརྟེན་དེ་རིང་འདིར་བོད་ནས་མི་ཉུང་ཤས་ཤིག་ལས་ཕེབས་མ་ཐུབ་པ་རྣམས་ཀྱིས་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་ཚབ་ཡིན་བསམ་པ་དྲན་དགོས།          གཞིས་ཆགས་འདི་མགོ་སྟོད་མི་མང་ཧ་ཅང་སྐྱོ་པོ་ཡོད། བར་སྐབས་གང་ཅིའི་མཐུན་རྐྱེན་ཕྲན་བུ་ཡག་པོ་ཆགས་ནས་ངོ་མདངས་ཡང་དྲག་ཏུ་ཕྱིན་འདུག ད་དུང་ཡིན་ནའང་ང་ཚོ་གཞིས་མི་སྟོང་ཕྲག་འགའ་ཤས་ནང་སྐྱོ་པོ་ཁ་ཤས་ལྷག་སྡོད་ཀྱི་འདུག སྔ་མོ་ངལ་སེལ་ཚོགས་ཆུང་ཟེར་བ་ཞིག་ཆེད་མངགས་བཙུགས་པ་རེད། ད་དུང་ཡིན་ནའང་གཞིས་འགོ་བདེ་དོན་གྱིས་མཚོན་པས་ཁྱེད་ཚོས་མི་སྐྱོ་པོ་བདེ་སྡུག་ཞུ་མ་ནུས་པར་ལུས་བསྡད་པ་ཚོར་ངེས་པར་དུ་ལྟ་དགོས། ཁུག་ཁུག་གསེང་གསེང་ལ་མ་ལུས་པ་ཞིག་བྱེད་དགོས། དམན་ལ་ལྷག་པར་བརྩེ་བ་ཟེར་བ་དེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཁྱད་ཆོས་སུ་གསུངས་ཀྱི་ཡོད། ང་རང་ཚོ་དེའི་རྗེས་སུ་འབྲང་མཁན་ཞིག་ཡིན་པས་སྐྱོ་བོ་ཚོར་དམིགས་བསལ་གྱིས་ལྟ་རྟོགས་བྱ་རྒྱུ་གལ་ཆེན་པོ་རེད།  དེ་བཞིན་བྷེལ་ཀོབ་གཞིས་ཆགས་ཡིན་ནའང་རེད། འདི་ག་མོན་གྷོ་ཡིན་ནའང་རེད། གྲྭ་ས་ཆེན་པོ་ཁག་འགའ་ཤས་ཚུགས་ནས་ཡོད། གྲྭ་ས་ཚོར་སྦྱིན་བདག་རོགས་རམ་བྱེད་མཁན་ཡོང་གི་ཡོད། གྲྭ་ཚང་སོ་སོའི་ཁུངས་ནས་མང་ཚོགས་ཀྱི་སློབ་སྦྱོང་དང་འཕྲོད་བསྟེན་ཐོག་སེམས་ཁུར་བླངས། ཁ་སང་ངོས་ཀྱིས་འབོད་སྐུལ་བྱས་པ་ལྟར་མུ་མཐུད་ནས་བྱེད་ཀྱི་རེད་ལ། བྱེད་དགོས་པ་ཞིག་ཀྱང་རེད། ཞེས་དང་།                 རྫ་ཆུ་ཁ་པའི་ཁོངས་མི་ཞིག་གིས་༧གོང་ས་མཆོག་ལ་མཇལ་ཁ་དང་མཉམ་དུ་ཡི་གེ་ཞིག་ཕུལ་བའི་ནང་གི་རྫ་ཆུ་ཁ་པའི་གཙོས་གཞིས་བཞུགས་བོད་མིས་རྩྭ་ས་དང་ཆུའི་དོན་དུ་ཕུ་ནུ་ནང་མི་རྩོད་པ་བྱེད་རྒྱུ་དང་། ལྷག་པར་གྲི་དང་མེ་མདས་འཛིང་རེ་བྱེད་པ། ཆོས་ལུགས་གྲུབ་མཐའ་རྩོད་པ། སྤྲུལ་སྐུ་དང་བླ་མ། སྔགས་པ། གྲྭ་བཙུན་བརྫུ་མ་སོགས་ཀྱིས་མགོ་སྐོར་བསླུ་ཁྲིད་བྱས་པ། བལ་ཡུལ་དང་རྒྱ་གར་དུ་གནས་སྡོད་རྫ་ཆུ་ཁ་པ་འགའ་ཤས་ཀྱིས་ནག་ཚོང་དང་། ཁྲིམས་འགལ་ཐོག་ནུབ་ཕྱོགས་དང་ཨ་རི་བཅས་སུ་མི་གཏོང་བའི་ལས་དོན་གཉེར་ཏེ་་། ཞེས་པའི་བར་ལྗགས་ཀློག་མཛད་ནས་བཀའ་སློབ་སྩལ་དོན། དེ་འདྲ་དེང་སྐབས་ཏོག་ཙམ་ཡོང་གི་འདུག  རྒྱ་གར་དང་བལ་ཡུལ་ནས་ཨ་རི་དང་ཡུ་རོབ་ལ་འགྲོ་མཁན་དེ་འདྲའི་གྲས་སུ་དངུལ་ཕོན་ཆེན་པོ་བླངས་ནས་འགའ་ཤས་འབུམ་བཅུ་གྲངས་དེ་འདྲ་བླངས་མཁན་དེ་འདྲ་འདུག བོད་མི་ཕྱི་རྒྱལ་ལ་གཏོང་རྒྱུའི་ཐོག་ནས་ཚོང་བརྒྱབ་ནས་དེ་འདྲ་བྱེད་ཀྱི་འདུག འདིར་ཡང་འདི་འདྲ་བཀོད་འདུག ངོས་ལ་ལམ་སྟོན་བསླབ་བྱ་གནང་རོགས་ཞེས་འཁོད་འདུག་ཀྱང་། དེ་ཙམ་བརྗོད་རྒྱུ་མེད། ཁྱེད་ཚོས་འདིར་ཉེས་པ་ལ་ཉེས་པ་མཐོང་འདུག ཉེས་པ་ལ་ཉེས་པར་མཐོང་བ་ཡིན་དུས་ངོས་ཀྱི་གང་ལབ་ཐུབ་ཀྱི་རེད་བརྗོད་ན། ཕྱིན་ཆད་ལེགས་པར་སྡོམ། ཞེས་པ་འདི་འདྲི་རྒྱུ་ཡིན། ཁྱེད་ཚོ་འབྲེལ་ཡོད་ཚང་མས་སྡོམ་ལགས་སོ་ཞེས་བསམས་དགོས། གཞན་འདིར་ལན་འཁྱོལ་ལ་མ་འཁྱོལ་བྱས་ན་ཆོ་གང་ཡང་མེད།                  ང་ཚོ་བཙན་བྱོལ་ལ་འབྱོར་ནས་ལོ་ལྔ་བཅུ་ང་ལྔ་ང་དྲུག་སྒང་ལ་འགྲོ་བཞིན་ཡོད། ཐོག་མ་ཉིད་ནས་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་འཁྱེར། ཞེས་པའི་དཔེ་ལྟར་ཡ་རབས་བྱེད་དགོས་བརྗོད་ཀྱི་ཡོད། ངོས་ཀྱིས་འཛམ་གླིང་འདིའི་སྒང་ལ་མི་གཞན་དང་ཐུག་ནས་སྐད་ཆ་ཤོད་སྐབས་བོད་མི་ཆོས་དང་རིག་གཞུང་གི་ཡ་རབས་ཀྱི་སྤྱོད་པ་ཡོད་མཁན་ཡིན། ཞེས་སྐད་གསང་མཐོ་པོས་ཤོད་ཀྱི་ཡོད། ངོས་ལ་སྤོབས་པའང་ཡོད། བོད་མི་ཚོ་ཡ་རབས་རེད། དྲང་པོ་བྱེད་ཀྱི་ཡོད། སེམས་པ་བཟང་པོ་ཡོད། ཅེས་སྐད་གསང་མཐོ་པོའི་ཐོག་ནས་ཤོད་བཞིན་དུ་རེ་ཟུང་གིས་༧རྒྱལ་བ་རིན་པོ་ཆེས་དེ་འདྲ་གསུང་བཞིན་ཡོད་ཀྱང་། ཞབས་འདྲེན་ངས་ཞུས་པ་ཡིན། ཟེར་མཁན་བཟོ་འདྲ་བྱས་པ་ཡིན་ན་ཁྱོན་ནས་ཡག་པོ་མེད། མཐར་ཐུག་དེར་ངོས་རང་རྫུན་མ་བཟོ་བཞིན་ཡོད། དེ་འདྲ་བྱས་ན་ཁྱོན་ནས་ཡག་པོ་མེད། གཟབ་གཟབ་བྱས་ན་མ་གཏོགས། འདི་ཁྱེད་ཚོས་སེམས་ལ་ཞོག། ཅེས་སོགས་བཀའ་སློབ་སྩལ་བ་དང་།                 བྱང་ཆུབ་ལམ་རིམ་གྱི་ཆོས་འབྲེལ་རེ་ཞིག་མཇུག་བསྡུས་མཛད་རྗེས་ཀྱི་ཆུ་ཚོད་ ༢།༣༠ ཐོག་སྔ་འགྱུར་རྡོར་བྲག་གསང་སྔགས་ཆོས་འཁོར་གླིང་དུ་གནས་གཟིགས་མཛད།   དེ་ཡང་༸གོང་ས་མཆོག་དགོན་པ་དེར་༸ཞབས་སོར་འཁོད་བསྟུན། མཁན་ཚབ་བཀྲ་ཤིས་ལགས་ཀྱིས་གཙོས་དགེ་འདུན་པ་ཞལ་གྲངས་ ༣༠ བརྒལ་བ་དང་། དེ་བཞིན་དགོན་པའི་སྦྱིན་བདག་སོགས་ཀྱི་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་འདུ་ཁང་ནང་གནས་གཟིགས་མཛད་ནས་བཞུགས་ཁྲིར་༸ཞབས་སོར་འཁོད་མ་ཐག་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཡོད་པ་དང་།                        དེ་ནས་ཆུ་ཚོད་ ༣ ཙམ་ལ་དགའ་ལྡན་ཤར་རྩེ་གྲྭ་ཚང་རྡོ་ཁང་ཁང་ཚན་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཤར་རྩེ་མཁན་རིན་པོ་ཆེ་དང་། སེར་སྨད་མཁན་རིན་པོ་ཆེ།  རྒྱུད་སྨད་མཁན་ཟུར་སྒོ་སོག་རིན་པོ་ཆེ། ཁང་ཚན་གྱི་འབྲེལ་ཡོད། དེ་བཞིན་ཁང་ཚན་རང་གི་དགེ་བཤེས་ཡིན་པ་ད་ལྟའི་ཆར་རྒྱུད་སྟོད་ཀྱི་བླ་མ་དབུ་མཛད། དེ་བཞིན་ཁང་ཚན་བླ་མ་བྲག་དཀར་སྤྲུལ་སྐུ་ཡེ་ཤེས་བློ་གསལ། གྲྭ་ཚང་གི་དབུ་མཛད་བཅས་ཀྱིས་སྤོས་སྣེས་མདུན་བསུས་ཏེ་༸གོང་ས་མཆོག་སྟོན་འཁོར་དང་བཅས་༸ཞབས་སོར་འཁོད།                                ཆུ་ཚོད་ ༤ ཙམ་ལ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད་པ་དང་། དེ་ཡང་གོང་ས་མཆོག་གིས། བར་ལམ་ཞིག་ནས་མོན་གྷོ་གཞིས་ཆགས་ཀྱིབཙུན་མ་ཚོ་རྟགས་གསལ་གཏོང་རྒྱུར་ཡག་ཤོས་འདུག ཅེས་བཤད་རྒྱུ་བྱུང་བ་རེད། ཁྱེད་རང་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། སྔ་མོ་བོད་ལ་བཙུན་མ་ཚོས་མཚན་ཉིད་རྩོད་པ་དང་། དཔེ་ཆ་ལྟ་རྒྱུའི་ལོ་རྒྱུས་ཤོད་རྒྱུན་ཡོད་ན་མ་གཏོགས་བར་སྐབས་ལ་མེད།  རྒྱ་གར་དུ་བསླེབས་ནས་ཕལ་ཆེར་ཕྱི་ལོ་ ༡༩༦༠ རེ་གྲངས་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་དགེ་སློང་མ་བསྒྲུབ་རྒྱུ་འགྲིག་དང་མ་འགྲིག་སྐོར་ལ་ངོས་ཀྱི་ཐག་གཅོད་ཐུབ་ཀྱི་མེད། འོན་ཀྱང་སློབ་སྦྱོང་བྱ་རྒྱུའི་ཐད་ངོས་ཀྱི་ཐག་གཅོད་ཐུབ་ཀྱི་རེད། དེར་བརྟེན་ཐོག་མར་དགའ་ལྡན་ཆོས་གླིང་ཡིན་པ་ཡོད། དེར་ངོས་ཀྱིས་ཆོས་འབྲེལ་སྐབས་ཤིག་ལ་མངོན་རྟོགས་རྒྱན་བཤད་ལུང་འགོ་བཙུགས་ནས་འདོན་སྐབས་ཁྱེད་རང་ཚོས་དཔེ་ཆ་བལྟ་དགོས། ཞེས་བརྗོད་རྒྱུ་བྱུང་།                             ལོ་ ༡༩༦༠ ནང་རེད། རིམ་བཞིན་བཙུན་དགོན་ཚོས་གཞུང་ཆེན་བལྟ་དགོས་རེད། ཅེས་བརྗོད་རྒྱུ་བྱུང་། དེ་ནས་རིམ་བཞིན་ཁྱེད་རང་ཚོར་མཚོན་ན་ཕྱི་ལོ་ ༡༩༨༧ ནས་གཞུང་ཆེན་ལྟ་རྒྱུ་འགོ་བཙུགས་ཡོད། བཙུན་མས་མཚན་ཉིད་ལ་བལྟས་ཏེ་ལོ་བཅུ་བདུན་བཅོ་བརྒྱད་ཕྱིན་ནས་དགེ་བཤེས་མ་འཇོག་རྒྱུའི་མཚམས་ལ་བསླེབས་ནས་ཆོས་རིག་ལས་ཁུངས་ནས་དགེ་བཤེས་མ་དམ་འཇོག་བྱ་རྒྱུའི་སྒྲིག་གཞི་གཏན་འབེབས་བྱས་ཡོད། ང་རང་སྒེར་ངོས་ནས་བརྗོད་ནའང་དེར་འབོད་སྐུལ་བྱས་ནས་གྲུབ་འབྲས་ཞིག་བྱུང་ཡོད། དེར་བརྟེན་དེ་ངོས་ཀྱི་བྱས་རྗེས་ཡིན་བསམ་པ་དྲན་གྱི་ཡོད། གཙོ་བོ་འབོད་སྐུལ་བྱས་པ་ཙམ་གྱིས་ཡོང་རྒྱུ་གང་ཡང་མེད། ཁྱེད་རང་ཚོས་ལོ་ནས་ལོ་མཐུད་ནས་ལུས་ལ་རབ་བྱུང་གི་རྟགས་ཆ་ལུགས་གྱོན་པ་དང་ཆབས་གཅིག་གཞུང་ཆེན་ལ་བལྟས་ནས་རྩོད་པ་རྩོད་ནས་ཕྱིན་པ་རེད། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་དང་།                                     དེང་སྐབས་བུད་མེད་དང་སྐྱེས་པ་འདྲ་མཉམ་ཡིན་ཞེས་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་ཙམ་དུ་མ་ཟད། དེ་རིང་ཁ་སང་དེང་དུས་ཀྱི་ཤེས་ཡོན་རྐྱང་པའི་འདང་གི་མེད་པས་བྱམས་བརྩེ་ཡར་རྒྱས་གཏོང་རྒྱུ་དེ་གནད་འགག་ཆེན་པོ་ཆགས་ཡོད། བྱམས་བརྩེ་ཡར་རྒྱས་གཏོང་རྒྱུར་ལུས་པོའི་གྲུབ་ཆའི་ཐད་ནས་བུད་མེད་ཚོས་གཞན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པ་ཤུགས་ཆེ་བ་ཡོང་གི་ཡོད། དེར་བརྟེན་འཛམ་གླིང་ཤེས་ཡོན་གྱི་ནང་བྱམས་བརྩེ་སློབ་སྦྱོང་སྤྲོད་རྒྱུ་དང་། སྤྱི་ཚོགས་ནང་བྱམས་བརྩེ་གོང་མཐོར་གཏོང་དགོས་པའི་དུས་ཚོད་གཅིག་ལ་བུད་མེད་ཚོ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། འདི་ཁྱེད་ཚོས་སེམས་ལ་ཞོག  ཅེས་སོགས་བཀའ་སློབ་སྩལ་ཡོད་པ་རེད།

 

keyboard_arrow_up