༄༅།  ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༣ དང་ ༡༤ བཅས་ཉིན་གཉིས་རིང་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྐུ་མགྲོན་གཙོ་བོར་ཁྲི་ཟུར་མཁས་དབང་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་མེག་གྷན་ཉིན་སློབ་ཚོགས་ཁང་དུ་བོད་ཀྱི་གནའ་སྲོལ་ཡིག་གཟུགས་སྒྱུ་རྩལ་གྱི་འགྲེམས་སྟོན་ཞིག་སྒོ་སྒྲིག་འོག་ཞུས།

བོད་ཀྱི་གནའ་སྲོལ་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ནས་འགྲེམས་སྟོན།

༈ སྐུ་ཞབས་འཇམ་དབྱངས་རྡོ་རྗེ་ལྕགས་རི་ཤར་བ་མཆོག་ནི། བོད་གཞུང་སིམ་ལ་གཏན་སློབ་ནས་ཐོན་རྗེས་སྒང་ཏོག་ས་གནས་རྒྱ་གར་གཞུང་གི་ཡུལ་བསྐོར་སྤྲོ་འཆམ་དང་། རིག་གཞུང་ལས་ཁུངས་ནང་སྲི་ཞུའི་ལས་བྱེད་པའི་འགན་འཁུར་བཞེས་ཏེ་དྲུང་ཆེ་ལས་རོགས་ཀྱི་གནས་རིམ་ཐོག་ཕེབས་གྲུབ་མུར། ཕྱི་ལོ་ ༡༩༩༣ ནས་ ༢༠ᨀ༡ བར་ཞབས་གཡར་གྱི་ངོ་བོར་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་དང་། ཟློས་གར་ཚོགས་པ། དིལླཱི་འཕགས་བོད་འབྲེལ་མཐུད་ལས་ཁང་སོགས་སུ་ཕྱག་ལས་ཞབས་ཞུ་གནང་ཡོད་པ་དང་། དེ་བཞིན་ལོ་མང་རིང་སྒང་ཏོག་ཏུ་བོད་རིགས་གཞོན་ནུའི་ས་གནས་རྒྱུན་ལས་དང་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ལས་འཁུར་ཡང་བཞེས་ཡོད། ཁོང་སིམ་ལ་གཏན་འཇགས་སློབ་གྲྭར་བཞུགས་སྐབས་གནའ་བོའི་བོད་ཀྱི་སྲོལ་རྒྱུན་ལག་བྲིས་ཡིག་བཟོའི་གནས་ལ་ཤིན་ཏུ་མཁས་པ་དགེ་བཤེས་ལྷ་རམ་པ་བློ་བཟང་མཐར་ཕྱིན་ལགས་དང་། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་མདུན་ནས་གནའ་བོའི་བོད་ཀྱི་ལག་བྲིས་ཡིག་བཟོའི་རྣམ་གྲངས་ཁག་མཐར་ཕྱིན་པར་སྦྱངས། ༢༠༠༡ ལོར་སྒང་ཏོག་རྒྱ་གར་གཞུང་ཞབས་ནས་རྩ་དགོངས་ཞུས་འཁྲོལ་རྗེས། ཨ་རི་ཝ་ཤིང་ཀྲོན་ཁུལ་གཏན་གནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཀྲརནས་ཧི་མ་ལ་ཡའི་རི་མོ་དང་། རིག་གཞུང་བལྟེ་གནས་ཁང་གི་ས་གནས་འབྲེལ་མཐུད་པའི་ལས་འཁུར་བཞེས་ཤིང་། ཁོང་གིས་བོད་ཀྱི་གདོད་མའི་ཡིག་བཟོའི་ཁྱད་ཆོས་ལག་འབྲིའི་སྒྱུ་རྩལ་འདི་དག་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཆེད་དམིགས་བསལ་གྱིས་འགན་འཁུར་ཆེན་པོ་བཞེས་ཡོད་པ་མ་ཟད། དེ་བཞིན་རྒྱུན་གཏན་རིག་གཞུང་འཁྲབ་སྟོན་དང་། བརྙན་འཕྲིན་གྱི་རིགས་ལའང་ཐུགས་སྣང་ཆེན་པོས་ཉམས་ཞིབ་དང་འབྲེལ་གང་ཅིའི་ཞབས་ཞུ་གནང་ཡོད། ཕྱོགས་མཚུངས་ཁོང་ནས་ཕྱི་ལོ་ ༢༠༡༠ ལོར་འཛམ་གླིང་ནང་མིང་གྲགས་ཐོན་པའི་བོད་ཀྱི་སྒྱུ་རྩལ་ལག་བྲིས་ཡིག་གཞི་ཤོག་དྲིལ་རིང་ཤོས་ཏེ། མི་ཀྲར་ ༡༦༣ གྱི་བདག་ཉིད་ཅན་བོད་ཡིག་གི་ལག་རྩལ་ཁྱད་ཆོས་མི་འདྲ་བ་ ༦༥༠༠༠ ཅན་གྱི་ནང་བོད་ཀྱི་ཆོས་རྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པ་ ༣༣ ཙམ་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ྋསྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་བཞུགས་གསོལ་འདེབས་བརྗོད་དོན་ཟབ་བརླིང་ལྡན་པའི་གདུང་དབྱངས་སྙན་རྩོམ་ཕྱོགས་བསྡུས་བྱིན་ཅན་ཁག་འཁོད་པའི་ཐུན་མོང་མ་ཡིན་པའི་བོད་ཡིག་དབུ་མེད་ཁོ་ནའི་གཟུགས་དབྱིབས་ཆེ་ཆུང་ལག་བྲིས་སྒྱུ་རྩལ་འདྲ་མིན་ལས་གྲུབ་པ་དཔེར་ན། ཀ་ཁ་དང་། ཟློས་ཧྲལ། ཚུགས་རིང་། ཚུགས་ཐུང་། ཡིག་ཆུང་། ཚུགས་མ་ཁྱུག ཁྱུག་ཡིག་བཅས་ནང་བྲིས་གནང་མཛད་ཡོད། ད་བར་ཁོང་གི་ཕྱག་རྩལ་ལས་གྲུབ་པའི་བོད་ལུགས་འབྲི་རྒྱུན་ཁྱད་འཕགས་རང་བཞིན་མཚོན་ཐུབ་པའི་ཕྱག་གཟུགས་སྒྱུ་རྩལ་རི་མོ་འདི་དག་ནུབ་ཕྱོགས་ཨ་རི་དང་། འཕགས་ཡུལ་རྒྱ་གར་ནང་སོགས་སུ་སྙན་གྲགས་ཅན་གྱི་རིག་རྩལ་བཀྲམས་སྟོན་བལྟེ་གནས་ཁང་ཁག་མང་པོའི་ནང་སྔ་རྗེས་སུ་འགྲེམས་སྟོན་རྒྱ་ཆེ་བྱུང་ཡོད། རྒྱ་གར་ནང་ཙམ་མ་ཟད་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་རྒྱལ་སྤྱིའི་ལག་བྲིས་སྒྱུ་རྩལ་འདྲ་མིན་སྣ་མང་ཐད་ཉམས་ཞིབ་དང་། དོ་དབྱིངས་ཆེན་པོས་ཕྱོགས་བསྡུས་འགྲེམས་སྟོན་རྒྱ་ཆེ་གནང་མཁན་མི་སྣ་གྲགས་ཅན་སྒེར་པ་མང་པོའི་སར་ཡང་སྐུ་ཞབས་འཇམ་དབྱངས་རྡོ་རྗེ་ལགས་ཁོང་གི་སྐུ་ཚེའི་རིང་ཐུགས་འཁུར་འབད་རྩོལ་ཤིན་ཏུ་ཟབ་པའི་ཕྱག་བྲིས་སྒྱུ་རྩལ་ཁག་མང་ང་ཚོས་དངོས་སུ་མཇལ་རྒྱུ་ཡོད་།                                                              སྐུ་ཞབས་འཇམ་དབྱངས་རྡོ་རྗེ་ལྕགས་རི་ཤར་བ་མཆོག་གིས་སྐུ་ཚེ་ཧྲིལ་བུར་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་དང་། ཆབ་སྲིད་རྩ་དོན་བཅས་ལ་རྒྱུན་མཐུད་ཐུགས་འཁུར་གནང་ཡོད་ཐོག དམིགས་བསལ་ཕྱི་ལོ་ ༢༠༡༠ ལོར་བོད་ཀྱི་གནའ་སྲོལ་ལག་འབྲིའི་ཡིག་གཟུགས་ཁག་སྒྱུ་རྩལ་གྱི་ལམ་ནས་འཛམ་བུ་གླིང་གི་སྙན་གྲགས་ཅན་གྱི་ལོ་རྒྱུས་དེབ་ཐེར་ནང་ལག་བྲིས་ཡིག་གཞི་ཤོག་དྲིལ་རིང་ཤོས་འབྲི་མཁན་གྱི་མཚན་གནས་འཇོག་བཞེས་ཐུབ་པ་བྱུང་བ་དང་། དེ་བཞིན་སྒྱུ་རྩལ་གྱི་ཁྱད་ཆོས་དེ་དག་རྒྱལ་ཁབ་མང་པོའི་ནང་འགྲེམས་སྟོན་རྒྱ་ཆེ་གནང་སྟེ་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཐད། རྒྱལ་སྤྱིར་གོ་རྟོགས་དྲིལ་བསྒྲགས་སོགས་ཞབས་འདེགས་དངོས་ཀྱི་མཛད་རྗེས་གང་ལེགས་བཞག་གནང་ཐུབ་ཡོད། དེས་ན་ཁོང་གི་མཁྱེན་མཛངས་ལྷག་བསམ་དང། རིག་ཞེན་འབད་བརྩོན། སྙིང་སྟོབས་བཅས་ལ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དབུས་གཙང་རྒྱ་ཆེའི་མི་མང་གི་ཚབ་ཞུས་ཏེ་ཡི་རང་བསྔགས་བརྗོད་དང་འབྲེལ། ལེགས་སོའི་ཆེ་བསྟོད་འབུལ་རྒྱུ་ཡིན།། །།

 

 

keyboard_arrow_up