སྤྱི་འཐུས་རྒྱུན་ལས་ཀྱི་ཤེས་ཡོན་སྲིད་བྱུས་སྐོར་ལ་རྟོག་ཞིབ་ཚོགས་ཆུང་ཞིག་བཙུགས་ཡོད་པ་དེས། ད་ཆར་བཀའ་ཤག་དང་ཤེས་རིག་ལས་ཁུངས་སོགས་ལ་དྲི་བ་གཏོང་གི་ཡོད། དེའི་རྗེས་ལ་སློབ་གྲྭ་ཁག་ནང་དངོས་སུ་རྟོག་ཞིབ་ལ་འགྲོ་རྒྱུ་ཡིན། ཆུ་མགོའི་གནས་སྟངས་ག་རེ་ཆགས་ཀྱི་ཡོད་མེད་ལ་རྒྱུས་ལོན་བྱས་རྗེས། སློབ་གྲྭ་སོ་སོའི་གནས་སྟངས་ག་རེ་ཆགས་ཡོད་མེད་རྟོགས་ཡོང་གི་རེད།   སྔར་ལོའི་ཕྱི་ཟླ་དགུ་བའི་ནང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་རྟོག་ཞིབ་ཚོགས་ཆུང་ཞིག་འཛུགས་རྒྱུའི་གྲོས་འཆར་འཁྱེར་ཡོང་བའི་ཐོག བཀའ་ཤག་དང་ཤེས་རིག་ལས་ཁུངས་ངོས་ནས་དགག་པ་བརྒྱབ་སྟེ། སྤྱི་འཐུས་རྒྱུན་ལས་ཀྱི་རྟོག་ཞིབ་ཚོགས་ཆུང་དེ་འཛུགས་མ་དགོས་པར། ད་ཆར་བཀའ་ཤག་གི་རྟོག་ཞིབ་མགོ་འཛུགས་བྱས་ཡོད་སྐོར་སོགས་བརྗོད་མཐར། གྲོས་ཚོགས་ནང་མང་མོས་ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་ཤེས་ཡོན་རྟོག་ཞིབ་ཚོགས་ཆུང་དེ་འཛུགས་རྒྱུའི་ཐག་གཅོད་བྱུང་།     སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞིའི་དགོངས་དོན་ལྟར། ཤེས་ཡོན་རྟོག་ཞིབ་ཚོགས་ཆུང་གི་ངོས་ནས་གྲུབ་དོན་སྙན་ཐོ་དེ་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་འཁྱེར་ཡོང་དགོས་པའི་ལམ་སྟོན་གནང་བ་ལྟར། སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་སྐོར་ལ་ཞིབ་འཇུག་ཚོགས་ཆུང་ “ཤེས་ཡོན་ཚོགས་ཆུང་།” ཞུ་བའི་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ་ལས་དོན་དངོས་སུ་མགོ་འཛུགས་གནང་ཡོད།    འདི་གའི་གསར་འགོད་པས་ཤེས་ཡོན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་སུ་བཅར་འདྲི་ཞུས་ཏེ་ཤེས་ཡོན་ཚོགས་ཆུང་གིས་ཞིབ་འཇུག་གནང་ཕྱོགས་གང་འདྲ་ཡིན་པ་དང་། འདས་པའི་ཟླ་ངོ་གསུམ་ལྷག་རིང་ཞིབ་འཇུག་གི་གནས་སྟངས་གང་འདྲ་ཆགས་ཡོད་མེད་སོགས་ལ་རྒྱུས་ལོན་བྱས། སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་ཞིབ་འཇུག་གནང་ཕྱོགས་ངོ་སྤྲོད་གནང་དོན། ང་ཚོས་དང་པོ་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བ་ནས་བཟུང་། ཤེས་རིག་ལས་ཁུངས་དང་འཛིན་སྐྱོང་བཀའ་ཤག་ངོས་ནས་ལོ་ཁག་སོ་སོར་ལག་བསྟར་ག་རེ་གནང་འདུག ལག་བསྟར་གནང་མ་ཐུབ་པ་གང་བྱུང་འདུག མ་ཐུབ་པ་དེ་རྒྱུ་རྐྱེན་གང་ལ་ཐུག་འདུག ལག་ལེན་བསྟར་ཐུབ་པ་བྱེད་པར་ག་རེ་གནང་དགོས་ཀྱི་འདུག དེ་དག་རྒྱུས་ལོན་བྱེད་དགོས་པ་ཞིག་ཆགས་ཡོད། དེའི་རྗེས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་གི་ཡོད་གསུང་མཁན་དང་མེད་གསུང་མཁན་གྱི་སློབ་གྲྭ་ཁག་ཏུ་བསྐྱོད་དེ། ཡོད་གསུང་མཁན་ཚོས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཇི་བཞིན་ལག་བསྟར་གནང་གི་ཡོད་མེད་དང་། མེད་གསུང་མཁན་ཚོ་དཀའ་ངལ་གང་ལ་ཐུག་འདུག་རྒྱུས་ལོན་བྱས་རྗེས། ཕ་མ་དང་ལས་བྱེད་ཚོར་སྐད་ཆ་འདྲི་དགོས་པ་ཆགས་ཀྱི་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།       གསར་འགོད་པས་ཁོང་ལ་ད་བར་ཤེས་ཡོན་ཚོགས་ཆུང་ངོས་ནས་སློབ་གྲྭ་ག་པར་རྟོག་ཞིབ་གནང་ཡོད་མེད་དང་། སློབ་གྲྭར་རྟོག་ཞིབ་གནང་རྗེས་དགེ་སྐྱོན་ག་རེ་མཐོང་གི་འདུག་གམ་ཞེས་དྲིས་པར། ཁོང་གིས། ང་ཚོ་ད་སྔ་སློབ་གྲྭ་གཅིག་ལའང་འགྲོ་ཐུབ་མེད། ཁ་སང་ཚེས་ ༡༤ ཉིན་ཚོགས་ཆུང་གི་ལས་འཆར་སྒྲིག་ཆེད་ཚོགས་འདུ་དང་པོ་དེ་ཚོགས་པ་རེད། དེ་སྔོན་བཀའ་ཤག་གིས་ཤེས་ཡོན་རྟོག་ཞིབ་སྡེ་ཚན་བཙུགས་པའི་ནང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་ངེད་གཉིས་ཡོད་པ་རེད། སྐབས་དེར་ངེད་གཉིས་ལ་འཛིན་སྐྱོང་གིས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་མེད་རྟོག་ཞིབ་བྱོས་གསུངས་ཡོད་སྟབས། ངེད་གཉིས་ཀྱིས་ཤེས་རིག་ལས་ཁུངས་ལ་ ༢༠༠༤ ལོ་ནས་བཟུང་ད་བར་ལོ་ཁག་སོ་སོར་ལག་བསྟར་ག་རེ་གནང་ཡོད་མེད་དང་། དཀའ་ངལ་ག་རེ་འཕྲད་ཡོད་མེད་སྙན་ཐོ་ཆ་ཚང་ཞིག་འཁྱེར་ཤོག་ཞུས་པ་ལྟར། ཤོག་ལྷེ་བརྒྱ་གྲངས་ཤིག་འབྱོར་ཡོད་ཀྱང་། དེའི་ནང་ ༢༠༡༡ དང་ ༢༠༡༢ གི་སྙན་ཐོ་བཀོད་མེད་སྟབས། ང་ཚོས་རྗེས་ལ་འཁྱེར་ཤོག་ཟེར་བ་ལྟར་ཚུར་འབྱོར་རྗེས་ཚོགས་ཆུང་ངོས་ནས་ཞིབ་འཇུག་བྱས་ཏེ། ཤེས་རིག་ལས་ཁུངས་ལ་དྲི་བ་ ༡༠༠ ཕུལ་ཡོད། དྲི་བ་དེ་དག་གི་དྲིས་ལན་ཟླ་འདིའི་ནང་འབྱོར་དགོས་ཀྱི་ཡོད་པ་རེད། ང་ཚོར་དྲི་བ་དེ་དག་གི་དྲིས་ལན་འབྱོར་རྗེས་ཤེས་རིག་ལས་ཁུངས་ལ་གནད་དོན་མང་པོའི་ཐོག་སྐད་ཆ་དྲི་དགོས་པ་ཆགས་ཀྱི་རེད་བསམ་གྱི་འདུག དེར་བརྟེན། དང་པོ་འདི་ནས་རྒྱུས་ལོན་ཆ་ཚང་གཅིག་བྱས་རྗེས། དེ་ནས་དཔེ་སྟོན་སློབ་གྲྭ་སྟེང་འོག་གཉིས་དང་། དེའི་རྗེས་སློབ་གྲྭ་གཞན་ཁག་ལ་འགྲོ་དགོས་པ་རེད་མ་གཏོགས། ང་ཚོ་ཐོག་མ་ནས་སློབ་གྲྭ་ཁག་ཏུ་ཕྱིན་ན་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད། གཞི་རིམ་གྱི་ཆུ་མགོ་འདི་ནས་གནས་སྟངས་ག་རེ་ཆགས་ཀྱི་ཡོད་མེད་ལ་རྒྱུས་ལོན་བྱས་རྗེས། སློབ་གྲྭ་སོ་སོའི་གནས་སྟངས་ག་རེ་ཆགས་ཡོད་མེད་རྟོགས་ཡོང་གི་རེད། ཅེས་བརྗོད་བྱུང་།              ཤེས་ཡོན་སྲིད་བྱུས་ལག་བསྟར་མི་བྱེད་མཁན་ཚོའི་ཐད་གྲ་སྒྲིག་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། ཨང་དང་པོ་ཁོ་ཚོའི་ཤེས་ཡོན་སྲིད་བྱུས་ལག་བསྟར་མི་གནང་བའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་ཞིབ་འཇུག་བྱེད་དགོས་པ་རེད། རྩ་བ་ཉིད་ནས་མ་ཐུབ་པ་ཞིག་ལ་ང་ཚོས་བྱེད་ཐུབ་པ་བྱ་དགོས་ཞེས་ལབ་རྒྱུ་མེད་སྟབས། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་ཕྱིན་པ་གང་ཞིག་ལ། ཐུབ་པ་བྱེད་དགོས་པ་གང་འདུག་དེའི་ཐོག་ཐབས་ལམ་ག་རེ་འཚོལ་དགོས་ཀྱི་ཡོད་མེད་རྟོག་ཞིབ་བྱེད་བཞིན་ཡོད། ད་ལྟ་འཛིན་སྐྱོང་ངོས་ནས་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ནང་ལག་བསྟར་གནང་གི་ཡོད་པ་དང་། བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་ཁག་ནང་ལག་བསྟར་ཡོང་བར་འབོད་སྐུལ་ཞུས་ཡོད་གསུང་གི་ཡོད། དྷ་ས་བོད་ཕྲུག་ཁྱིམ་སྡེ་དང་མ་སུ་རི་བོད་ཁྱིམ་སློབ་གྲྭ་ཁག་གིས་ལག་བསྟར་བྱེད་ཀྱི་མེད་གསུང་གི་ཡོད་སྟབས། ང་ཚོས་ལག་བསྟར་གནང་གི་ཡོད་གསུང་མཁན་ཚོས་ག་རེ་གནང་གི་ཡོད་མེད་དང་། མེད་གསུང་མཁན་ཚོས་གནང་མི་དགོས་པའི་རྒྱུ་མཚན་གང་ཡིན་རྟོག་ཞིབ་བྱེད་ཀྱིན་ཡོད། ཅེས་བརྗོད་བྱུང་།     གལ་སྲིད་ད་རེབ་ཀྱི་ཞིབ་འཇུག་བརྒྱུད་དེ་ཤེས་ཡོན་སྲིད་བྱུས་ལ་གྲུབ་འབྲས་ཡག་པོ་མེད་པའི་གནས་ཚུལ་བྱུང་ན། གྲོས་ཚོགས་ཀྱིས་མུ་མཐུད་མཇུག་སྐྱོང་གནང་གི་ཡོད་མེད་དྲིས་པར། ཁོང་གིས། ཤེས་ཡོན་ཚོགས་ཆུང་གི་དུས་ཡུན་ལོ་གཅིག་ཡིན་སྟབས། ཚོགས་ཆུང་ངོས་ནས་གང་ཡག་ཡག་བྱེད་ཀྱི་རེད། ཤེས་ཡོན་སྲིད་བྱུས་འདི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བ་ཞིག་ཆགས་ཡོད་སྟབས། ང་ཚོས་དེ་གནད་འགག་ཆེན་པོ་ཞིག་ལ་བརྩི་གི་ཡོད། ད་ལྟ་ང་ཚོ་སྐྱབས་བཅོལ་ཡིན་པའི་གནས་སྟངས་གཅིག་པུ་མ་རེད། མ་འོངས་པར་གཞིས་བྱེས་མཉམ་འཛོམས་བྱུང་རྗེས་ཀྱང་ཤེས་ཡོན་སྲིད་བྱུས་འདི་ལྟ་བུ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། ཤེས་ཡོན་སྲིད་བྱུས་ལག་བསྟར་གང་འདྲ་བྱས་ཡོད་མེད་ཐད་ཞིབ་འཇུག་བྱས་རྗེས་ཡག་པོ་བྱུང་མེད་པའི་གནས་ཚུལ་ཐོན་པ་ཙམ་གྱིས། སྲིད་བྱུས་འདི་མཚམས་བཞག་དགོས་པ་ཞིག་མ་རེད་བསམ་གྱི་འདུག དེར་མུ་མཐུད་ནས་མང་ཚོགས་ཀྱིས་རྒྱབ་སྐྱོར་གནང་དགོས་པ་ཞིག་དང་། འཛིན་སྐྱོང་ངོས་ནས་ཀྱང་མཇུག་སྐྱོང་གནང་དགོས་པ་ཞིག་ཆགས་ཡོད། གལ་ཏེ་མཇུག་སྐྱོང་གནང་གི་མེད་ཚེ། གྲོས་ཚོགས་ངོས་ནས་རྦད་དེ་རིག་པ་དྭངས་གསལ་བྱས་ནས་ཐུགས་སྣང་གནང་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།         གསར་འགོད་པས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཡུལ་དཔེ་སྟོན་སློབ་གྲྭ་ནས་འཛིན་རིམ་ ༡༠ ཐོན་ཡོད་པར་བརྟེན། སློབ་གྲྭ་གཞན་དང་བསྡུར་ན་བོད་ཡིག་ཙམ་མིན་པར་སློབ་ཚན་གཞན་དག་ལ་སྦྱང་འབྲས་གང་འདྲ་བྱུང་ཡོད་མེད་དྲིས་པར། ཁོང་གིས། ང་ཚོས་འདིའི་ཐོག་སྐད་ཆ་འདྲི་རྒྱུ་ལྷག་བསྡད་ཡོད། གནས་ཚུལ་ཐོན་པ་ལྟར་ན་རྒྱུགས་འབྲས་ཨང་དང་པོའི་གྲས་མ་རེད་ལ་མཐའ་མའི་གྲས་ཀྱང་མ་རེད། འབྲིང་ཙམ་ཞིག་ཡིན་ས་རེད། ང་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་ཟེར་སྐབས་བོད་ཡིག་གཅིག་པུ་བསླབ་རྒྱུ་མ་གཏོགས་བསམ་བློ་གཞན་དག་གཏོང་གི་མི་འདུག ཤེས་ཡོན་སྲིད་བྱུས་འདི་ནི་ཕྲུ་གུ་ཆུང་དུས་ནས་སོ་སོ་རང་རྒྱ་འཕེར་བ་བཟོ་རྒྱུ་དང་བསམ་བློའི་གནས་ཚད་ཡར་རྒྱས་གཏོང་རྒྱུ། དེ་བཞིན། གཞན་བརྟེན་གྱི་བསམ་བློ་མེད་པ་བཟོ་རྒྱུ་སོགས་མང་པོ་ཞིག་ཚུད་ཡོད་པ་རེད། ཡིན་ཡང་གནས་སྟངས་མང་པོ་ཞིག་གི་དབང་གིས་ངས་མང་ཚོགས་ཚོས་ཤེས་ཡོན་སྲིད་བྱུས་འདི་ལ་གོ་རྟོགས་ཡག་པོ་ཞིག་ལོན་ཐུབ་མེད་པའི་ཚོར་སྣང་ཡོང་གི་འདུག ཅེས་བརྗོད་བྱུང་།                                                                                           མཇུག་ཏུ་གསར་འགོད་པས་ཁོང་ལ་ཤེས་ཡོན་སྲིད་བྱུས་འདི་སྤྱི་འཐུས་ལྷན་ཚོགས་ངོས་ནས་སྤྱི་མོས་གཏན་འབེབས་གནང་བ་ཞིག་ཆགས་ཡོད་ཀྱང་། སློབ་གྲྭ་མང་པོ་ཞིག་གིས་ལག་བསྟར་གནང་གི་མེད་སྟབས། འདིའི་ཐོག་གྲོས་ཚོགས་ངོས་ནས་ག་རེ་གནང་དགོས་པ་གཟིགས་ཀྱི་འདུག་གམ་ཞེས་དྲིས་པར། ཁོང་གིས། དངོས་གནས་བྱས་ན། གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་འོག་ཡོད་པའི་སློབ་གྲྭ་ཚང་མས་གཅིག་འགྱུར་ལག་བསྟར་གནང་དགོས་ཀྱི་རེད་མ་གཏོགས། དེར་ཡིན་དང་མིན་ཟེར་བའི་གདམ་ཀ་ཡོད་པ་མ་རེད། དེ་ལག་བསྟར་གནང་སྟེ་དཀའ་ངལ་གང་འཕྲད་ཡོད་མེད་ཞུ་རྒྱུའི་ཐོབ་ཐང་དེ་སློབ་གྲྭ་ཚང་མར་ཡོད་པ་རེད། དཀའ་ངལ་འཕྲད་བཞིན་པ་དག་སེལ་རྒྱུ་དེ་སྲིད་བྱུས་གཏན་འབེབས་གནང་མཁན་གྱི་འགན་ཆགས་ཡོད། དེ་གཅིག་འགྱུར་གནང་དགོས་ཀྱི་རེད་མ་གཏོགས་ཡིན་དང་མིན་ཟེར་བའི་ཐ་སྙད་དེ་ཡོང་གི་མ་རེད་ལ། ཡོང་དགོས་པ་ཞིག་ཀྱང་ཆགས་ཀྱི་མ་རེད་བསམ་གྱི་འདུག ཡིན་ཡང་ད་ལྟ་གནས་སྟངས་འདི་འདྲ་ཞིག་ཆགས་ཡོད་པ་རེད། དེ་ག་རེ་བྱས་ནས་བྱུང་བ་རེད། ང་ཚོས་འབྲེལ་ཡོད་སོ་སོར་ཤེས་ཡོན་སྲིད་བྱུས་ངོ་སྤྲོད་ཚད་དང་ལྡན་པ་ཞིག་མ་བྱུང་བ་རེད་དམ། དཔེར་ན། དྷ་ས་བོད་ཕྲུག་ཁྱིམ་སྡེར་ཆ་བཞག་ན་འཛིན་གྲྭ་དང་པོ་ནས་འཛིན་གྲྭ་གང་ལ་གང་འཚམ་ཞིག་བར་བོད་ཡིག་ཀློག་དེབ་སྤུས་དག་པོ་དེ་འདྲ་འདུག དེ་ཚོ་ཤེས་ཡོན་སྲིད་བྱུས་ལག་བསྟར་མ་གནང་གོང་ནས་བྱུང་ཡོད་ཀྱང་། ད་ལྟ་ཤེས་ཡོན་སྲིད་བྱུས་ལག་བསྟར་མ་གནང་བའི་ཁོངས་ཚུད་ཡོད་སྟབས། ཤེས་ཡོན་སྲིད་བྱུས་དངོས་སུ་གོ་ཚོད་ནས་ལག་བསྟར་བྱེད་ཀྱི་མིན་གསུང་གི་ཡོད་པ་རེད་དམ། དེ་ཚོའི་གནས་སྟངས་གང་ཡིན་ཚོགས་ཆུང་ངོས་ནས་རྟོག་ཞིབ་བྱེད་དགོས་པ་ཆགས་ཡོད། ཅེས་བརྗོད་བྱུང་།        ཤེས་ཡོན་ཆོགས་ཆུང་གི་ཚོགས་མི་དག་ནི། ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། ཚོགས་མི་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་སྤྱི་འཐུས་བསོད་ནམས་རྒྱལ་མཚན་སྤྱི་འཐུས་རྒྱ་རིགས་ཐར་ལགས་བཅས་ཡིན་འདུག

 

keyboard_arrow_up