༄༅། འཛམ་གླིང་ས་ཡི་ཡངས་ཐོག་བོད་གངས་ཅན་ལྗོངས་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཕྱོགས་ཀི་ལོར་མི་ཊར་ ༨༨༥ ཙམ་གྱི་འཁད་འགྱངས་སུ་ལ་སྟོད་གཉའ་ལམ་ཞེས་པའི་ཡུལ་ལྗོངས་ས་དབྱིམས་མཐོ་ཞིང་ཆུ་རླུང་གཙང་ལ་གངས་ཆུའི་འབབ་རྒྱུན་གཏེར་གནས་ལྟ་བུ་ཞིག་ཡིན། གཉའ་ལམ་ཞེས་པའི་ཐ་སྙད་འབྱུང་ཁུངས་ནི། གཉའ་ལམ་ཡུལ་གྱི་གྲོང་སྡེ་ཆེ་ཤོས་ཚོང་འདུས་ཞེས་པ་དེ། རི་གླང་ཆེན་ཉལ་བ་ལྟ་བུ་ཡོད་པའི་གླང་ཆེན་གྱོ་གཉའ་སྟེང་གཞུང་ལམ་ཆགས་པས་རྒྱུ་མཚན་དུ་བྱས་ཏེ་ཡུལ་མིང་ལ་གཉའ་ལམ་ཐོག་པར་གྲགས། དེ་ལ་གཉའ་ལམ་ཡང་བརྗོད་ཀྱི་ཡོད། གཉའ་ལམ་མ་ཡིན་པའི་སྟོད་རིགས་ཕལ་ཆེ་བས་སྙན་ནམ་ཡང་ཟེར་གྱི་ཡོད། གཉའ་ལམ་ཚོང་འདུས་ནི་བོད་གཞུང་དགའ་ལྡན་ཕོ་བྲངས་ཆེན་པོའི་ཆབ་སྲིད་འཛིན་སྐྱོང་བཀོད་འདོམས་པ་གཉའ་ལམ་རྫོང་གི་བསྟི་གནས་ཤིག་ཀྱང་ཡིན་ལགས།

གངས་ལྗོངས་ཆོས་ལྡན་ཞིང་གི།   མཐོ་ལ་གངས་རིས་བསྐོར་ཡོད།།

ལྟི་གནས་རྒྱལ་ས་ལྷ་སའི།།               སྨད་ལ་ནགས་ཀྱིས་ཐིབ་ཡོད།།

ལྷོར་ཆགས་བལ་པོའི་ཁྱིམ་མཚེས།། ཕུ་ནས་གངས་ཆུ་བབས་ཏེ།།

སྐྱིད་པའི་གཉའ་ལམ་ཡུལ་ལྗོངས།།    མདོ་ན་ལོ་ཕྱུགས་རྒྱས་སོང།།

ག༽ ཁྱབ་ཁོངས་མི་འབོར།

གཉའ་ནང་རྫོང་གི་ཁྱབ་ཚད་ནི། བལ་བོད་ས་མཚམས་ཏ་ལེ་མའི་ཟམ་པ་ཟེར་བ་ནས་གཡས་ཀྱི་གཉའ་ལམ་མཐོང་ལཱ་ཞེས་པའི་བར་བརྩི་སྲོལ་ཡོད། ཁྱབ་ཁོངས་འདིའི་ནང་གྲོང་སྡེ་ཆེ་ཆུང་བསྡོམས་ ༤༤ ལ་སྒོ་ཐེམ་གྲངས་ ༨༠༦ དེར་མི་གྲངས་ ༢༨༣༤ ཙམ་ཡོད་པ་ཡིན།

ཨང་།                                                   ཁྱིམ་གྲངས།                           མི་གྲངས།

༡ ཏ་ལེ་མ་(བལ་བོད་ས་མཚམས)                              ༥                                  ༡༥

༢ སྡེ་སེ་སྒང།                                                ༦                                  ༢༥

༣ དགོན་པ་གསར།                                           ༡༡                                  ༨༣

༤ ཏ་རི་སྒང།                                                ༦                                   ༢༡

༥ ཤོ་བོ་སྒང།                                                ༨                                   ༢༦

༦ སྒྲམ།                                                     ༢༠                                 ༥༥

༧ སྤང                                                     ༧                                   ༢༢

༨ ཆོས་ཏིང།                                                ༦                                   ༡༦

༩ ཐོ་ཏོ་ལུང།                                                ༤                                   ༡༡

༡༠ སྒོ་སེ།                                                     ༤                                  ༡༨

༡༡ ལྕལ་སྣ།                                                  ༡༣                                 ༥༢

༡༢ སྨུག་ཟམ།                                               ༣                                  ༡༤

༡༣ བདེ་ཆེན་སྟེང།                                           ༦                                   ༢༥

༡༤ མཚོ་གཤམ།                                             ༡༦                                 ༤༩

༡༥ སྐྱི་མོ་གཞུང།                                            ༣                                  ༡༡

༡༦ ཚོང་འདུས་རྒྱལ་ས།                                      ༢༠༥                                ༨༥༥

༡༧ ཕུག་ལོག།                                               ༥                                   ༢༨

༡༨ དཔལ་ལྷའི་བཙུན་དགོན།                                 ༢༠                                 ༦༠

༡༩ དར།                                                    ༨                                   ༢༡

༢༠ རྫོང།                                                   ༡༥                                 ༤༣

༢༡ ལྕང་གླིང།                                               ༢༠                                 ༦༥

༢༢ མེ་ཞིང།                                                ༡༨                                 ༥༤

༢༣ སྐེད།                                                   ༦                                   ༡༨

༢༤ དབང་ཕྱུག་སྒར།                                         ༧                                   ༢༢

༢༥ འཕེལ་རྒྱས་གླིང་དགོན་པ།                                ༥༢                                 ༢༧༥

༢༦  སྒང་སྒ།                                                ༨                                   ༢༠

༢༧ སི་མིག།                                                            ༣                                  ༧

༢༨ བཀྲིས་སྒང།                                             ༢༡                                 ༦༣

༢༩ ཨ་མོ་རོག                                               ༨                                   ༢༢

༣༠ གནས་གསར།                                           ༡༢                                 ༣༣

༣༡ གཙང་གདོང།                                           ༢༤                                 ༦༥

༣༢ སྔོ་ལུང།                                                ༢༢                                 ༦༡

༣༣ བཀྲིས་འཛོམས།                                         ༡༧                                 ༥༣

༣༤ དར་རྒྱས་གླིང།                                          ༢༨                                 ༦༥

༣༥ རུ་སྐྱེས།                                                 ༥                                   ༡༨

༣༦ འཁོར་ཡག།                                             ༡༤                                 ༤༥

༣༧ སྔོ་ར།                                                   ༢༩                                 ༩༣

༣༨ རྒྱགས།                                                 ༩                                   ༢༨

༣༩ རྡོ་དཀར།                                                ༡༥                                 ༤༥

༤༠ ཡར་ལེབ།                                                ༣༡                                 ༧༨

༤༡ ལས་ཞིང།                                               ༢༧                                 ༧༣

༤༢ ལས་ཞིང་བཙུན་དགོན།                                   ༨                                   ༣༢

༤༣ དུ་ལུང།                                                ༣༥                                 ༡༠༥

༤༤ ལཱ་ཕྱི།                                                   ༡༥                                 ༤༥

བསྡོམས་ཁྱིམ་གྲངས།                                         ༨༠༦                    མི་གྲངས། ༢༨༣༥

གོང་གསལ་གི་མི་གྲངས་དང་ཁྱིམ་ཚང་གི་གྲངས་འབོར་དེ་དག་རོབ་ཙམ་རྩིས་ཙམ་ཡིན་ལགས། གང་ཡིན་ཞུ་ན་ཚད་འཛིན་དང་རྩ་འཛིན་བྱ་ཡུལ་ཡིག་ཆ་སོགས་ཡོངས་གྲགས་མེད་ཀྱང་ད་ལམ་ཡུལ་སྡེ་སོ་སོའི་ཁུངས་ནས་ལོ་རྒྱུས་གསུང་སྒྲོས་ཐུབ་མཁན་དགུང་ལོ་བགྲེས་གྲས་ཁག་གཅིག་འདུ་འཛོམས་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་ཞུས་པ་ཡིན་ལགས།

ཁ༽ གནམ་གཤིས་ཚ་གྲང།

སྤྱིར་གཉའ་ནང་ནི་རྒྱ་མཚོའི་ངོས་ནས་མི་ཊར་ ༥༠༢༠ ཙམ་ཡོད་པའི་ས་མཐོའི་ཡུལ་ཞིག་ཡིན་ཅིང་། ཚ་ཚད་ ༢.༥ ནས་ ༡༥ དང་གྲང་ཚད་༣- ནས་ -༨ བཅས་ཡོད། ཡུལ་གྱི་གཡས་གཡོན་ཐམས་ཅད་གངས་རིས་བསྐོར་བ་དང། ཡན་ལག་བརྒྱད་ལྡན་གངས་ཆུའི་གཏེར་གནས་ལྟ་བུ་ཡིན་ལགས། བོད་སྟོད་ཁུལ་གྱི་ནང་ཚན་ནས་གནམ་གཤིས་གྲང་ངར་ཆེ་ཤོས་ཡིན་ཅིང། ལྷག་པར་ཚོང་འདུས་གྲོང་ཁྱེར་ནི་གངས་རི་དང་ས་ཁད་ཉེ་བས་དགུན་དུས་གངས་ཞོད་ཤིན་ཏུ་ཆེ་བས་ཕལ་ཆེར་ཕི་ཀྲི་ ༡༠ ཙམ་གྱི་གངས་བབ་ཀྱི་ཡོད། ཁ་དཔེ་ལའང་། མཚོ་སྒོའི་མི་ལ་ཆུ་མ་འདྲི། གཉའ་ལམ་པ་ལ་གངས་མ་འདྲི་ཟེར་སྲོལ་ཡོད། གཉའ་གནང་པ་རྣམས་ལ་གོམས་འཇགས་ཡོད་པ་ཞིག་ལ་གངས་ཕི་ཀྲི་ ༤-༥ ཙམ་ལ་འཛེམས་ཟོན་མེད་པར་འགྲུལ་ཤུད་བྱེད་རྐྱང་དང་ཕྱི་ནང་ཁྱིམས་ལས་སྣ་ཚོགས་བྱེད་རྐྱང་རེད།

ང༽ཆབ་སྲིད་དང་འཛིན་སྐྱོང་།

གཉའ་ནང་རྫོག་གི་ཆབ་སྲིད་དང་། འཛིན་སྐྱོང་སྟངས་འཛིན། ས་གནས་མང་ཚོགས་ཀྱི་བདེ་དོན་ལྟ་སྐྱོང་ཆེད་དུ་བོད་གཞུང་དགའ་ལྡན་ཕོ་བྲང་ནས་སྐུ་ཚབ་རྩེ་དྲུང་ཞིག་དང་དྲུང་འཁོར་ཞིག་བཅས་རྫོང་དཔོན་སྦྲེལ་པོ་གཉིས་ཡོད་པ་ཞབས་ཡུན་ལོ་གསུམ་རེའི་མཚམས་འཕོ་ལེན་གསར་པ་བསྐོ་གཏོང་གནང་སྲོལ་ཡོད། དེ་འོག་ས་གནས་གཉའ་སྣང་རྫོང་ཁོངས་ཡུལ་སྡེ་སྟོད་སྨད་བར་གསུམ་ནས་རྒན་འཐུས་མི་གྲངས་ ༡༢ དགོན་པ་ནང་ཁུལ་མི་འགྲོ་འོས་འཛུགས་བྱེད་སྲོལ་ཡོད་པ་དང། དེ་ཁོངས་ནས་ཚོང་འདུས་ནང་གཉའ་ནང་དུས་སྔ་མོ་ནས་དར་བའི་གནས་ཁག་ལྔ་ཡོད་པ་ལ། ཁྱིམ་ཚེས་བལ་ཡུལ་དང། བོད་ས་སྟོད་སྨད་བཅས་ནས་ཚོང་རིགས་འགྲོ་འོང་གནས་ཚང་བཅས་ཡུལ་གཏན་འཇགས་གནས་ཁག་ལྔ་ཡོད་པའི་ཁྱིམ་ཚང་དེ་དག་ལ་དམིགས་བསལ་ལས་འགན་ཐོབ་ཐང་ལྟ་བུར་རྒན་འཐུས་རེ་གཏན་འཇག་བསྐོ་སྲོལ་ཡོད་འདུག དེ་དབྱིངས་རྒན་འཐུས་རྣམས་ལོ་གཉིས་རེའི་མཚམས་འཕོ་ལེན་བྱེད་དགོས་པ་དང། གོང་གསལ་གྱི་རྒན་འཐུས་ཐོབ་ཁུངས།

༡) ཚོང་འདུས་རྒན་འཐུས་གྲངས།                 ༥

༢) ཅེམ་པ་ཁོངས་ནས་རྒན་འཐུས།                ༡

༣) བར་ཚིགས་ཁོངས་ནས་རྒན་འཐུས།            ༡

༤) སྟོད་ཡར་ལེབ་དང། དུ་ལུང་ནས་རྒན་འཐུས།    ༢

༥) གཉའ་ནང་སྨད་ཕྱོགས་བལ་བོད་ས་མཚམས་ཉེ་འདབས་སྒྲམ་དུ་སྒྲམ་གཞིས་གཉེར་ཞེས་རྫོང་གི་སྐུ་ཚབ་ལྟ་བུ་འཇོག་སྲོལ་ཡོད།

) སྒྲམ་གཞི་གཉེར་ནས། གཉའ་ནང་ཡུལ་མི་དང་བོད་རིགས་སྒྲམ་བརྒྱུད་དེ་བལ་ཡུལ་དུ་ཚོང་ལས་དང་གནས་བསྐོར་གཉེན་འཕྲད་ལ་འགྲོ་མི་རྣམས་ལ་གཉའ་ནང་རྫོང་ལས་ཁུངས་ནས་བལ་ཡུལ་དུ་འགྲོ་བསྐྱོད་ཆོག་པའི་ལམ་ཡིག་སྤྲོད་སྲོལ་ཡོད། བལ་ཡུལ་དུ་ཕྱོགས་བསྐྱོད་འགྲུལ་མི་རྣམས་ཀྱིས་སྒྲམ་གཞིས་གཉེར་ལ་སྙན་གསེང་དང་ལག་ཁྱེར་སྤྱན་འབུལ་ཞུ་དགོས་ཀྱི་ཡོད། སྒྲམ་གཞིས་གཉེར་ནས་ལག་ཁྱེར་དེ་དག་ལ་ཞིབ་འཇུག་དང་འབྲེལ་འགྲུལ་མི་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་ལ་གནོད་གཞིའི་ལས་དོན་བྱེད་མཁན་རྒྱལ་ཁབ་གཞན་གྱི་འབྲེལ་བ་ཡོད་མེད་སོགས་ཀྱི་སྐོར་ལ་ཞིབ་རྟོག་དང་སོ་ལྟ་བྱེད་ཀྱི་ཡོད།

ཅ༽ གནས་ཆེན་དང་དགོན་པ་ཁག

) དགོན་པ་གསར་པ། གཉའ་ནང་རྫོང་གི་ཁྱབ་ཁོངས་བལ་བོད་ས་མཚམས་ཀྱི་རི་རྩེར་དགོན་པ་གསར་པ་ཞེས་ཆོས་ལུགས་བཀའ་བརྒྱུད་པའི་དགོན་པའི་དགོན་རྙིང་ཞིག་ཡོད་པ་དེར་གྲྭ་རྒྱུན་ཞལ་གྲངས་ཡོད།

) སྒོ་སེར་དགོན་པ་ཆོས་ལུགས་བཀའ་བརྒྱུད། དགེ་འདུན་ཞལ་གྲངས་ཡོད།

) སྒྲམ་ཐུབ་དབང་དགོན་པ། རྟེན་གཙོ་ཐུབ་དབང་གསུངས་བྱོན་ཞིག་ཡོད།

) མཚོ་གཤམ་གྱི་རི་རྩེར་བདེ་ཆེན་སྟེང་དགོན་པ་ཡོད། ཆོས་ལུགས་བཀའ་བརྒྱུད། གྲྭ་རྒྱུན་ཞལ་གྲངས་ཡོད། དགོན་པ་དེ་རྩ་རིའི་གནས་ལག་དང། རྒྱལ་བ་སྒོ་ཚང་པའི་སྒྲུབ་ཕུག་ཀྱང་ཡོད་པ་ཡིན།

༥) ལྷ་ཁང་གསར་པ། དེ་ནི་གཉའ་ནང་ཚོང་འདུས་རང་དུ་ཡོད། དེའི་རྟེན་གཙོ་གུ་རུ་གཙོ་འཁོར་གསུམ་དང། ཆོས་སྲུང་
ཨེ་ཀ་ཛ་ཏི། ༸རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། མ་ཎི་དུང་འཁོར་གསུམ་དང། ༸རྒྱལ་བ་སྒོ་ཚང་བའི་ཞབས་རྗེས་དང་རྒྱ་གར་ཕ་དམ་པ་སངས་རྒྱས། གྲུབ་ཐོག་ཐང་སྟོང་རྒྱལ་པོ། སྐྱབས་མགོན་ཞབས་དཀར་ཚོགས་དྲུག་རང་གྲོལ་བཅས་ཀྱི་བཞུགས་གནས་ཡོད། ཚོང་འདུས་དཀར་ཁ་གླིང་རྒྱབ་ངོས་སུ་བྲག་གི་ལྡེབས་ལ་རྗེ་བཙུན་མི་ལའི་ཞབས་རྗེས་ཡོད། དེ་རྗེས་འགུག་ཞུ་གི་ཡོད། སྤྱི་ལོ་ ༡༩༥༩ ལོར་རང་ཡུལ་བོད་ལྗོངས་སུ་དུས་འགྱུར་དབང་གིས་ཚོང་འདུས་གྲོང་ཁྱེར་ནང་གི་ལྷ་ཁང་གསར་བའི་རྟེན་གཙོ་ཁག་དང། མཆོད་ཆས་སོགས་མེད་པར་གྱུར་གཤིས་ལ་བརྟེན་མ་བསྐུལ་དྭང་བའི་སྒོ་ནས་བྱེས་འཁོད་གཉའ་ལམ་མི་མང་གཏོང་ཕོད་ཅན་རྣམས་ནས་ལྷ་ཁང་གསར་བའི་དཀོན་གཉེར་ལ་ཕུལ་ཡོད།

) དཔལ་ལྷའི་བཙུན་དགོན་ནི། ཆོས་ལུགས་དགེ་ལུགས། བཙུན་མ་ཞལ་གྲངས་ ༦༠ ཡོད། དགོན་པ་དེ་ཚོང་འདུས་ཀྱི་ཕུ་ལ་ཕུ་ལོག་ཞེས་པའི་གྲོང་སྡེའི་རི་ལྡེབས་སུ་ཡོད།

) ཕུག་ཁྲོད་ཡེ་ཤེས་དགོན་པོ། དེ་ནི་ཚོང་འདུས་ཀྱི་ཤར་ཕྱོགས་འབྲུག་ཞེས་པའི་ཕུ་རུ་ཡོད། ཆོས་ལུགས་འབྲི་གུང་བཀའ་བརྒྱུད། གྲ་རྒྱུན་ཞལ་གྲངས་ཡོད། དེར་བྲག་གི་ལོགས་ལ་འབྲུག་གཟུགས་རང་བྱོན་ཡང་མཇལ་རྒྱུ་ཡོད།

) དགའ་ལྡན་འཕེལ་རྒྱས་གླིང་དགོན་པ། དེ་ནི་གཉའ་ལམ་ཚོང་འདུས་ནས་ཀི་ལོར་མི་ཊར་ ༩༠ ཙམ་གྱི་སར་ཡོད། བོད་སྟོད་ཁུལ་དུ་༸རྒྱལ་བ་ལྔ་བའི་སྐབས་ནས་སྒྱུར་གླིང་བཅུ་གསུམ་གྱི་གྲས་དང། སེ་ར་སྨད་ཀྱི་ཁྱབ་ཁོངས་ཡིན་པས་དགོན་པའི་མཁན་པོ་སེ་ར་སྨད་ནས་བསྐོ་གཏོང་གནང་གི་ཡོད། ཆོས་ལུགས་དགེ་ལུགས་པ་ཡིན། དགེ་འདུན་ཞལ་གྲངས་ ༢༧༥ རྟེན་གཙོ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་དང།  རྗེ་ཙོང་ཁ་པ། ༸རྒྱལ་བ་ལྔ་བ་བཅས་ཀྱི་སྐུ་བརྙན། ཁོང་གི་ཞབས་རྗེས། དེ་བཞིན་རྗེ་བཙུན་མི་ལའི་སྒྲུབ་ཕུག གཉའ་ལམ་གྲོད་པ་ཕུག ཅེས་པའང་དེར་ཡོད། སྒྲུབ་ཕུག་གི་ཀ་བ་རྡོ་གཡག་རོ་ཙམ་དང། ཡང་ལུག་རོ་ཙམ་རྩགས་པའི་ཀ་བ་ཅན་གྱི་སྒྲུབ་ཕུག་ཤིན་ཏུ་བྱིན་ཅན་མཇལ་རྒྱུ་ཡོད་པ་མ་ཟད། དེའི་ཉེ་འཁོར་ན་རས་ཆུང་རྡོ་རྗེ་གྲགས་པའི་སྒྲུབ་ཕུག་བྱིན་ཅན་ཡོད།

) སེ་སྨིག་དགོན་པ་དེ་ནི་། འཕེལ་རྒྱས་གླིང་དགོན་པའི་ལྷོ་ནུབ་ཏུ་ཡོད། ཆོས་ལུགས་བཀའ་བརྒྱུད་དང་དགེ་འདུན་ཞལ་གྲངས་ཡོད། རྟེན་གཙོ་གཙང་སྨྱོན་དང་། ཀུན་སྨྱོན་སོགས་བཀའ་བརྒྱུད་ཀྱི་གྲུབ་ཐོག་འགའི་སྣང་བརྙན། མཁའ་འགྲོ་ས་ལ་འོད་ཀྱི་སྒྲུབ་ཕུག་ཡང་ཡོད།

༡༠) གླང་ཡུལ་སྔོ་ར་དགོན་པ། དེ་ནི་གཉའ་ནང་སྟོད་ཁུལ་དུ་ཡོད། ཆོས་ལུགས་སྙིང་མ་དང།  བླ་བརྒྱུད་རྩངས་རྡོ་དམར་བའི་གདུང་བརྒྱུད་ཀྱི་གདན་ས་ཡིན། རྟེན་གཙོ་ཡིད་དམ་རྟ་མགྲིན་དང། གཏེར་ནས་བཞེས་པའི་ཕུར་པ། གུ་རུ་དང། སྒྲོལ་རང་བྱོན་གྱི་སྒྲུབ་ཕུག གནས་དེ་ནི་མཐུ་སྟོབས་ཀྱི་དབང་ཕྱུག་ར་ལོ་ཙྭ་བའི་འཁྲུང་ཡུལ་ཡང་ཡིན་འདུག བོད་ཟླ་ ༡༠ ཚེས་ ༢༨།༢༩།༣༠ བཅས་ལ་སྔོ་ར་སྒྲུབ་མཆོད་རྫ་སྦྱར་ཞེས་སྨིན་བསྒྲུབ་ཞུ་གསོལ་ཡོད།

༡༡) གནས་ལཱ་ཕྱི་ཞེས་པ་དེ་ནི་། འཕེལ་གླིང་དགོན་པའི་ཤར་དུ་ཡུལ་བཀྲིས་སྒང་ཞེས་པའི་གངས་ལའི་རྒྱབ་ཕྱོགས་སུ་ཡོད། དེ་ལཱ་ཕྱི་གངས་ཀྱི་རྭ་བ་ཞེས་བརྗོད་ཅིང་ཆོས་ལུགས་འབྲི་གུང་བཀའ་བརྒྱུད་ཡིན་པ་དང། གྲ་རྒྱུན་ཞལ་གྲངས་ཡོད། རྟེན་གཙོ་རྗེ་བཙུན་ང་འདྲ་མ། རས་པ་བརྒྱ་དང་བརྒྱད་ཀྱིས་བཞེངས་པའི་མཆོད་རྟེན། རྗེ་བཙུན་གྱི་སྒྲུབ་ཕུག་བདུད་འདུལ་ཕུག་དང། རགས་ཆེན་ལྷ་ཁང་དང།  གཞན་ཡང་གནས་ཆེན་ཁྱད་འཕགས་ཅན་གྲངས་མེད་ཡོད།

༡༡) ཡར་ལེབ་དགེ་བཅུ་དགོན་པ།  དེ་ནི་གཉའ་ལམ་སྟོད་དུ་ཡར་ལེབ་ཞེས་པའི་ཡུལ་སྡེར་ཡོད། ཆོས་ལུགས་རྙིང་མ། དགེ་འདུན་ཞལ་གྲངས་ཡོད། རྟེན་གཙོ་གུ་རུ་གཙོ་འཁོར་གསུམ་ཡོད། ཡར་ལེབ་ཨར་ཐང་དུ་སྒྲོལ་མ་གསུང་བྱོན་གྱི་སྒྲུབ་ཆུ་ཤིན་ཏུ་རྩ་ཆེན་ཞིག་མཇལ་རྒྱུ་ཡོད།

༡༢) ཐུགས་མཉེས་ཞབས་གཞས་ཞབས་རྗེས། དེ་ནི་བཀྲིས་སྒང་ནས་གནས་ས་ལཱ་ཕྱིར་འགྲོ་བའི་གངས་རིའི་གཤམ་དུ་དབྱངས་སྨྲ་བའི་བྲག་རྡོའི་སྟེང་རྗེ་བཙུན་རིན་པོ་ཆེ་མཆོག་ལ་ཕྱི་ནས་གཉའ་ནང་དུ་ཕེབས་སྐབས་སྦྱིན་བདག་ཙ་མ་གཟིགས་ཏེ་ཐུགས་དགྱེས་མཉེས་ཆེན་པོ་བྱུང་ནས་རྡོའི་སྟེང་ཞབས་གཞས་བསྐྱོན་པའི་ད་ལྟའང་རྡོའི་སྟེང་ཞབས་རྗེས་མཇལ་རྒྱུ་ཡོད།

༡༣) ལས་ཞིང་བཙུན་དགོན་། དེ་ནི་ཡར་ལེབ་ཞེས་པའི་ཡུལ་སྡེའི་ཤར་ཕྱོགས་སུ་ཡོད། ཆོས་ལུགས་དགེ་ལུགས་དང་བཙུན་མ་ཞལ་གྲངས་ཡོད། རྟེན་གཙོ་ལས་ཞིང་སྒྲོལ་མ་གསུང་བྱོན་གྱི་སྐུ་བརྙན་བཞུགས་ཡོད།

༡༣) ཤེས་རིགས་གི་བསྐོར་ནི་། སྤྱིར་བོད་སྟོད་ཁུལ་དུ་ཕྱི་རྒྱལ་གྱི་སྐད་ཡིག་ལྟ་ཅི་རང་གི་བོད་ཡིག་ཀྱང་ཤེས་མཁན་ཆེས་ཉུང་ཉུང་ཞིག་ཡིན། འོན་ཀྱང་གཉའ་ནང་ཚོང་འདུས་ནི་གཉའ་ནང་སྤྱི་བསྡོམས་རྫོང་ལས་ཁུངས་ཆགས་ཡུལ་དང། རྒན་འཐུས་ཀྱི་བུ་ཕྲུག་ཁག་ལ་བོད་ཡིག་གི་སློབ་སྦྱོང་སྤྲོད་སྲོལ་ཡོད། དེ་བཞིན་ཡུལ་ནང་གི་བོད་ཡིག་མཁས་མྱོང་ཅན་སྒེར་པ་ཁག་ནས་ཀྱང་སོ་སོའི་རང་ཁྱིམ་དུ་སློབ་ཕྲུག་གྲངས་ ༡༠-༡༥ བར་ཉར་ཏེ་བོད་ཡིག་འབྲི་ཀློག་དང་སྙན་ངག་སུམ་རྟགས་སློབ་ཁྲིད་བྱེད་སྲོལ་ཡོད། སྤྱིར་བཏང་ནད་རིགས་སྨན་བཅོས་ལ་སྨན་པ་བསྟེན་གཏུག་བྱེད་ཡུལ་གཞུང་འཛིན་སྨན་ཁང་དམིགས་བསལ་མེད་ཀྱང་གཉའ་ནང་སྟོད་སྨད་བར་གསུམ་ལ་སྒེར་པའི་རང་ལུགས་བོད་སྨན་ཨེམ་ཆི་འགའ་ཤས་ཡོད་པ་དེ་དག་བསྟེན་གཏུག་བྱེད་ཀྱི་ཡོད། དེ་ཡང་ནད་པ་ཆེས་ཉུང་ཉུངརེད།

༡༤) བཟོ་ལས་དང་ལག་ཤེས། གཉའ་ནང་སྟོད་སྨད་བར་གསུམ་དུ། སྨན་དང། སྐར་རྩིས་བ། ཤིང་བཟོ་བ། ལྷ་བྲིས་པ། འཇེམ་བཟོ་བ། འཚེམ་བཟོ་བ། ཁང་བཟོ་བ། རྡོ་བཟོ་བ་སོགས་ཡུལ་གཞན་ནས་གླ་གླས་མ་དགོས་པར་གཉའ་ནང་རང་ནས་རང་མཁོ་རང་ལྡེང་ཡོད། དེ་བཞིན་བེུད་ཕལ་ཆེ་བས་སྣམ་ལས་དང།  བལ་ལས་སྤུན་ཁེལ། ཚོས་རྒྱག གྱོན་ཆས་སྣམ་བུ་དང། ཤད་མ་སྤུ་ཕྲུག སྤང་གདན། སྒེ་རེ་འཐག་ལས། དེ་བཞིན་སྐྱེས་པ་རྣམས་ནས་གཡག་གི་རྩིད་པ་དང་ཁུ་ལུའི་ཐག་པ་དང།  སྐུད་པ་བཟོས་ཏེ་ཕྱི་ར་དང་སྒྱེ་སྣོད་དམ་ཕད་ཚེ་བཟོ་བ་ཡིན།

༡༥) འཚོ་ཐབས་དང་དཔལ་འབྱོར་སྐོར། གཉའ་ནང་ཡུལ་མི་རྣམས་ཀྱི་འཚོ་བ་ནི་ཞིང་འབྲོག་དང་ཚོང་ལས་ལ་བརྟེན་ཞིང། གཉའ་ནང་སྟོད་ཕལ་ཆེ་བ་སོ་ནམ་ཞིང་ལས་བྱེད་པའི་ཐོན་ཁུང་འབྲུ་དཀར་ནག་དང། སྲན་མ། པད་ཀ། བྲའུ། ཞོ་ཁོག་ལ་ཕུད། པད་ཚལ་བཅས་ཐོན་ཁུངས་རང་མཁོ་རང་ལྡེང་ཡོད། བལ་ཡུལ་ས་མཚམས་གཉའ་ནང་སྒྲམ་དང་དེའི་འཁོར་ཡུག་གྲོང་སྡེ་རྣམས་སུ། མ་རྨོད་ལོ་ཏོག གྲོ་ ཁྲེ། ཙོང་སྒོག་སོགས་འདེམས་ལས་བྱེད་ཀྱི་ཡོད། དེ་བཞིན་གཉའ་ནང་སྟོད་ཁུལ་དུ་སྒོ་ཕྱུག་སེམས་ཅན་འབྲི་གཡག་དང། མཛོ་དང་མཛོ་མོ། ར་ལུག བ་གླང་སོགས་གསོ་སྤེལ་ཐོག་ནས་འབྲོག་ལས་ཀྱི་ཞོ་དང་འོ་མ་ཕྱུར་ར་ལ་བརྟེན་པ་དང། མཚོ་གཤམ་ནས་ས་མཚམས་སུ་ཉེ་བའི་ཡུལ་སྡེ་ཕལ་ཆེ་བས་བ་གླང་གསོ་ཉར་དང།  ལྷག་པར་མཛོ་དང་མཛོ་མོ་གསོ་སྤེལ་བྱེད་པ་རེད། མཛོ་ནི་ས་ཞིང་འདེབས་ལས་དང་། དོ་བོ་སྐྱེལ་འདྲེན་མཁོ་བེད་ཆེད་དུ་གཉའ་ནང་སྟོད་ཁུལ་གྱི་ཁྱིམ་མཚེས་དིང་རི་སོགས་བོད་ས་གཞན་ལ་སྤུས་ཚོང་བྱེད་སྲོལ་ཡོད། དེ་བཞིན་སོ་ནམ་ཞིང་ལས་དང་འབྲོག་ལས་ཅུང་ཙམ་བྱེད་པ་དང། ཕལ་ཆེ་བས་ཚོང་ལས་ལ་བརྟེན་གྱི་ཡོད།

༡༦) སྤྱི་ཚོགས་དང་ལམ་སྲོལ། གཉའ་ནང་ཡུལ་མི་སྤྱི་དང།  ལྷག་པར་ཚོང་འདུས་རྒྱལ་སའི་ནང་བོད་ཆོལ་ཁ་གསུམ་གྱི་བོད་མི་དང། དེའི་སྟེང་ཁྱིམ་མཚེས་བལ་པོའི་མི་རིགས་གཏན་སྡོད་བྱེད་མཁན་ཡང་ཡོད། བོད་གངས་ཅན་ལྗོངས་ཀྱི་བོད་མི་སྤྱིའི་གཤིས་སྤྱོད་ལ། འདོད་ཆུང་ཆོག་ཤེས་བརྟེན་ཤེས་ཞིང། གཞན་ཕན་ཅི་ཐུབ་བྱེད་པ་ནི། ཆོས་ལྡན་བོད་མའི་རང་གཤིས་ཡིན། ཟེར་བ་ལྟར། གཉའ་ནང་ཡུལ་མི་རྣམས་ཀྱང་གཤིས་རྒྱུད་འཇམ་པ་དང།  སྤྱང་གྲུང་དོད་པ། ཆོས་དད་ཆེ་བ། ནམ་ཞག་རྒྱུན་གཏན་གཞས་དང་ཞབས་བྲོ་གླུ་ལེན་སོགས་ལ་དག་སྣང་ཆེ་བ་སོགས་ཀྱི་དགེ་མཚན་ལྡན་ཡོད།

༡༧) བག་མ་གཉེན་སྒྲིག་སྐོར། གཉའ་ལམ་སྟོད་སྨད་བར་གསུམ་དུ་སྔར་ནས་སར་སྲོལ་མནའ་མ་བསུ་ལེན་བྱེད་སྐབས་ཕ་མ་ཕན་ཚུན་ནས་སྟེར་སློང་གོ་སྒྲིག་བྱེད་པ་ལས་བུ་དང་བོུ་ཕན་ཚུན་དགའ་མོས་ཐོག་ནས་གཉེན་སྒྲིག་བྱས་པ་ཆེས་ཉུང་ཉུང་ཡིན། ཆང་སའི་དངོས་གཞིའི་ཉིན་བག་མ་བསུ་མི་དང། སྐྱེལ་མི་གཉིས་ཕྱོགས་ནས་བཀྲ་ཤིས་པའི་རྟེན་འབྲེལ་མཚོན་པའི་མོ་ལྷའི་བཤད་པ་དང། བསུ་ཆང་དང་པོ། གཉིས་པ། གསུམ་པ་སོགས་གོ་སྒྲིག་བྱེད་སྲོལ་ཡོད། ཆང་སའི་རྟེན་འབྲེལ་དགའ་སྟོན་དང།  ཕ་མའི་ནོར་སྐལ་སྟེར་སྦྱིན་རྒྱས་བསྡུས་ཁྱིམ་ཚང་སོ་སོའི་འཁོས་འབྱོར་གནས་བབས་ལ་བསྟུན་པ་ལས་བལ་པོ་དང་རྒྱ་གར་ལྟ་བུའི་ནོར་སྐལ་ཚད་གཞི་ཅན་གྱིས་དཀའ་ངལ་དེ་རིགས་གང་ཡང་མེད།

༡༨) དུས་ཆེན་དང་སྲུང་བརྩི། སྤྱིེར་བཏང་བོད་རྒྱལ་ཡོངས་ལ་ལོ་གསར་གྱི་དུས་ཚེས་མི་འདྲ་བ་བརྩི་སྲོལ་གསུམ་ཙམ་ཡོད་འདུག་པ་ནི། རྒྱལ་པོ་ལོ་གསར་དང། སོ་ནམ་ལོ་གསར། གཏོར་སྤོས་ལོ་གསར་ཞེས་ཡོད་འདུག་པ་ནས་གཉའ་ནང་ཡུལ་དུ་ལོ་གསར་གཉིས་གཏོང་སྲོལ་ཡོད། ས་གནས་ཚོང་འདུས་སུ་བོད་གཞུང་གི་སྐུ་ཚབ་རྗོང་དཔོན་སྐྱ་སེར་གཉིས་གཏན་བཞུགས་ཡོད་པས་བོད་ཟླ་དང་པོའི་ནང་རྒྱལ་པོ་ལོ་གསར་ཞེས་གཏོང་སྲོལ་དང་། དེའི་གོང་དུ་བོད་ཟླ་ ༡༡ ནང་གཏོར་སྤོས་ལོ་གསར་ཞེས་གནའ་ནང་ཡུལ་སྤྱི་ནས་ལོ་གསར་ཞིག་གཏོང་སྲོལ་ཡོད། གཏོར་སྤོས་ཞེས་པ་ནི་ལོ་འཕོས་སྐབས་གཏོར་མའམ་ལོ་གཏོར་གསར་རྙིང་བཞེངས་བཟོ་བརྗེ་ལེན་བྱེད་པའི་དུས་ཚེས་ལ་གཏོར་སྤོས་ལོ་གསར་ཞེས་བརྗོད། བོད་ཟླ་ ༡ ཚེས་ ༡༠ ལ་གཉའ་ནང་བར་ཚིགས་དར་རྒྱས་གླིང་དུ་ཚེས་བཅུ་རྒྱས་པ་གཏོང་སྲོལ་ཡོད། བོད་ཟླ་ ༡ ཚེས་ ༡༥ ཉིན་གནའ་ནང་སྟོད་སྨད་བར་གསུམ་དུ་ཆོས་འཕྲུལ་དུས་ཆེན་དང།  བོད་ཟླ་ ༤ པར་ས་ག་ཟླ་བའི་ནང་བླ་མ་མ་ཎི་ཞེས་ཡུལ་སྐད་དུ་བུ་ཆེན་ཟེར་བ་ནས་མི་མང་འདུ་འཛོམས་ཆེ་སར་ཞལ་ཏང་བཀྲམ་ཏེ་ཆོས་དང་ལས་འབྲས་དགེ་སྡིག་སྐོར་དད་ལྡན་མང་ཚོགས་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད།

༡༩) བོད་ཟླ་ ༥ ཚེས་ ༡༠ ཉིན་རྫོང་དཔོན་སྐྱ་སེར་གཉིས་ཀྱི་གཙོས་རྒན་འཐུས་དང། མང་ཚོགས་ནས་ཚོང་འདུས་རྒྱལ་སའི་ལུང་པའི་ཕུར་ཡོད་པའི་བོད་ཀྱི་ཡུལ་ལྷ་དགེ་བསྙེབ་ཉི་ཤུ་རྩ་གཅིག་གི་ཡ་གྱལ་དགྲ་ལྷ་དགེ་བསྙེན་འཁོལ་བོ་བྱ་ཁྱུང་ཞེས་པའི་གངས་རི་དང། མདུན་དུ་ད་ར་མཚོ་ཞེས་ཚོན་མདོག་ད་ར་དང་འདྲ་བ། ཉེ་འཁོར་དུ་ཚོན་མདོག་སྣ་ཚོགས་ཅན་གྱི་མཚེའུ་འགའ་ཤས་ཀྱང་ཡོད། བོད་གཞུང་དགའ་ལྡན་ཕོ་བྲང་ནས་ལོ་ལྟར་ས་བཅུད་བུམ་པ་གསུམ་གཉའ་ནང་དུ་སྐྱེལ་མི་ཨ་དྲུང་རྟ་ཤད་གཉིས་ཆེད་བརྫོངས་གནང་སྲོལ་ཡོད། དེ་བཞིན་གཉའ་ནང་བར་ཚིགས་ཁོངས་དར་རྒྱས་གླིང་ཡུལ་གྱི་ཕུར་ཡོད་པའི་མེ་ལོང་མཚོ་དང། སྒྲམ་གྱི་ཕུར་ཡོད་པའི་འོ་མ་མཚོ་བཅས་ལའང་དེ་ཉིན་སྐུ་རླུང་ངར་འཛུགས་དང། བསངས་གསོལ་། ཆོས་སྲུང་ཁག་ལ་འཕྲིན་བཅོལདང། སྤྲེལ་ཟླ་ཆེས་བཅུ་གཟབ་རྒྱས་ཟབ་རྒྱལ་ངང་གཏོང་སྲོལ་ཡོད།

བོད་ཟླ་ ༤ དང་ ༥ ཚེས་བཅུ་སོ་སོར་གཉའ་ནང་བར་ཚིགས་བཀྲིས་འཛོམས་པ་དང། སྔོ་ལུང་བཅས་ལ་ཚེས་བཅུ་རྒྱས་པ་དང་། ཆོས་བསྐོར་བྱེད་སྲོལ་ཡོད།

བོད་ཟླ་ ༦ ཚེས་ ༤ ཉིན་དེ་བཞིན་གཉའ་ནང་ཡུལ་སྟོད་སྨད་བར་གསུམ་དུ་ཚེས་བཅུ་དང་། སྨྱུང་གནས་སོགས་ཆོས་ཕྱོགས་ཀྱི་བྱ་བ་སྣ་ཚོགས་དང།  ཡུལ་ལུང་སོ་སོར་ཚེས་བཅུ། ཆོས་བསྐོར། རྟ་རྒྱུགས་སོགས་དུས་ཆེན་སྲུང་བརྩི་དང་སྤྲོ་སྐྱིད་གཏོང་སྲོལ་ཡོད།

བོད་ཟླ་ ༨ ཚེས་ ༢༨།༢༩ ཉིན་གནས་ལཱ་ཕྱི་རུ་སྒྲུབ་མཆོད་ཚུགས་པ་དང། དེར་མཁའ་འགྲོ་ཚེ་རིང་མཆེད་ལྔའི་འཆམ་འཁྲབ་སྟོན་ཞུ་སྲོལ་ཡོད།

བོད་ཟླ་ ༩ ལྷ་བབས་དུས་ཆེན་དང། བོད་ཟླ་ ༡༠ ཚེས་ ༡༠ དགའ་ལྡན་ལྔ་མཆོད་ལ་གཉའ་ནང་ཡུལ་སྟོད་སྨད་བར་གསུམ་དུ་མར་མེའི་མཆོད་སྤྲིན་གྱི་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུ་བ་རེད།

༢༠) སྲིད་པའི་གངས་རི་དང་རི་ཆེན། ཚོང་འདུས་ཕུ་ལ་དགེ་བརྙེན་ཉི་ཤུ་ཙ་གཅིག་གི་ཡ་གྱལ་དགྲ་ལྷ་འཁོལ་པོ་བྱ་ཁྱུང་ཞེས་པའི་གངས་རི་མཐོ་ཞིང་བརྗིད་ཆགས་པ་ཞིག་ཡོད།  ཚོང་འདུས་ཡུལ་སྡེའི་མདུན་དུ་གླང་ཆེན་གྱི་གཟུགས་བརྙན་འདྲ་བའི་རི་ཆེན་བུ་འཁྲིད་རི་ཁ་ཞེས་པ་ཡོད། དེའི་རྩེ་མོར་ཡུལ་མི་རྣམས་ཀྱིས་སྐུ་རླུང་དར་འཛུགས་ཞུ་གི་ཡོད། ཚོང་འདུས་ཀྱི་ལྷོ་རུ་ཀུ་གླིང་ཞེས་པའི་གངས་རི་མཐོ་ཞིང། རྒྱུན་གཏན་སྤྲིན་དང་སྨུག་པས་འཁྲིམས་ཏེ་སྡོད་ཀྱི་ཡོད། ཕུག་ཁྲོད་ཕུ་ལ་དམ་པ་གླིང་དང། ཀ་ལ། གོས་དམར། སེ་སྡེ་མ། ཞེས་རི་མཐོ་པོ་བཞི་བཅས་དུ་མ་ཞིག་ཡོད།

༢༡) གཙང་ཆེན་དང་གཙང་ཕྲན། གཉའ་ལམ་སྟོད་ནས་རྒྱུགས་པའི་གཙང་ཆེན་གཅིག གཉའ་ལམ་ཚོང་འདུས་ཕུ་ནས་རྒྱུགས་པའི་གཙང་ཆེན་གཅིག གཉའ་ལམ་སྟོད་སྨད་བར་ནས་རྒྱུགས་པའི་གཙང་ཕྲན་བཅུ་དགུ་ཡོད། གཙང་ཕྲན་དེ་དག་གངས་ཆུ་དང་ཕུ་ཆུ་ཡིན་པས་མཐར་གཙང་ཆེན་གཉིས་ལ་འདྲེས་ཏེ་ས་མཚམས་ཏ་ལེ་མ་བརྒྱུད་བལ་ཡུལ་དུ་རྒྱུགས་པ་དང།  བལ་ཡུལ་པས་གཙང་ཆེན་དེ་ལ་བྷོ་ཊའི་ཀོ་ཤི་ཟེར་གྱིཡོད།

༢༢) མཚོ་དང་མཚེའུ། གཉའ་ལམ་སྒྲམ་གྱི་རི་རྩེར་འོ་མ་མཚོ་ཞེས་མཚོ་མདོག་འོ་མ་ལྟ་བུ་དཀར་པོ་ཞིག་ཡོད། ཚོང་འདུས་ཕུ་ལ་ད་ར་མཚོ་ཞེས་ཆུ་མདོག་དར་ར་འདྲ་བ་ཞིག་ཡོད། བཀྲིས་འཛོམས་དང་སྔོ་ལུང་སོ་སོར་མཚོ་ཆེན་རེ་ཡོད། དར་རྒྱས་གླིང་གི་ཕུ་ལ་མེ་ལོང་མཚོ་ཞེས་མཚོ་ཆེན་ཞིག་ཡོད། རྔོ་རའི་ཕུ་ལ་གུང་མཚོ་ཞེས་པ་སོགས་གྲངས་ལས་འདས་པ་དུ་མ་ཡོད།

༢༣) རྩི་ཤིང་ནགས་ཚལ། གཉའ་ནང་སྟོད་སྨད་བར་གསུམ་ནང་རང་བྱུང་གི་རྩི་ཤིང་ནགས་ཚལ་སྣ་ཚོགས་ཡོད་ཅིང། ལྷག་པར་གཉའ་ནང་སྨད་མཚོ་གཤམ་ནས་བལ་ཡུལ་ས་མཚམས་ཏ་ལེ་མ་བར་ཡུལ་ལུང་གྲང་༡༤ ནང་དུས་རབས་བརྒྱ་ཁྲག་མང་པོ་སོང་བའི་གདོད་མའི་ཤིང་ནགས་ཧ་ཅང་ཐུག་པོ་དང། ཤིང་སྣ་མི་འདྲ་བ་གྲངས་ཀྱི་མི་ལངས་པ་ཡོད། དཔེར་ན་གཉའ་ནང་སྨད་རོངས་ཕྱོགས་ལ། སོམ་ཤིང། སྟག་པ། ཚར་པ། གླང་མ། ཤུགས་པ། ར་ཐུག་པ། པཱ་མོ། ཚར་མ། རྒྱ་སེར། བྲག་ཤ། སྦ་ལུ། སུ་ལུ། སྤུད། སྐྱེར་པ། ལྕང་མ། འོམ་བུ་སོགས་གཞན་གྲངས་ལས་འདས་པ་མང་པོ་ཡོད་པ་མ་ཟད་བྱ་དང་བྱིའུ་རིགས་དང་གཅན་ཟན་རི་དྭགས་སོགས་རིགས་མི་འདྲ་བ་དུ་མ་ཞིག་གཉའ་ནང་སྟོད་སྨད་བར་གསུམ་དུ་བློ་བདེ་བག་ཕེབས་ངང་འཚོ་གནས་བྱེད་བཞིན་ཡོད།

༢༤) སྟོན་ཐོག་ཐོན་ཁུངས། སྤྱིར་བཏང་གཉའ་ནང་ཡུལ་དུ་འབྲུ་རིགས་སྣ་ཚོགས་འདེབས་ལས་དང་ཐོན་ཁུངས་བཟང་པོ་ཡོད། དེ་ཡང་ཚོང་འདུས་ཡན་ལ་སྟོན་ཐོག་འབྲུ་དཀར་དང།  འབྲུ་ནག སྲན་མ། པད་ཁ། བྲའུ། ཞོ་ཁོག ལ་ཕུད། པད་ཚལ། ཙོང། རྒྱ་ལ་ཕུད། མ་རྨོས་པའི་རང་བྱུང་སྐྱེད་ཚལ་རིགས། གོ་སྙོད། ཅམ་པ་ལྷ་མོ། ཟ་ཐུག གྲ་བས། དོ་ལོ། མང་ཀེན། ལུག་སྒོག གྲག་མ། རུབ་པ། ཤ་མོང་། གྲོ་མ། སེ་འབུ། ཕིང་ཅི་ལོ། ཆོ་ལས་ཆུ་ཤ།སྐ་ལོ། སོགས་སྣ་ཚོགས་ཡོད།

༢༥) སྒོ་ཕྱུག་དང་གནག་ལུག།གཡག་དང།  འབྲི། མཛོ་དང་མཛོ་མོ། བ་དང་གླང།  རྟོལ་དང་རྟོལ་མོ། རྟ་དང་དྲེལ། ལུག་དང་ར། བྱ་དེ་འང་སེ་སོགས་གསོ་སྤེལ་བདག་གཅེས་བྱེད་ཀྱི་ཡོད།

༢༦) གཞུང་ཁྲལ་སྐོར། ས་གནས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྫོང་དཔོན་སྐྱ་སེར་གཉིས་ནས་རྫོང་གི་འཛིན་སྐྱོང་ལས་དོན་སྒྲུབ་ཕྱིར་མང་ཚོགས་ནས་རྒྱུན་གཏན་ཁྲལ་དང་འུ་ལག་རྒྱུག་དགོས་ཁར། སྔར་སྤྱི་ལོ་ ༡༧༩༠ ལོར་བལ་བོད་གཉིས་བར་དམག་འཁྲུགས་བྱུང་བས་བོད་དམག་ཕམ་ཉེས་བྱུང་སྟེ་བོད་གཞུང་ནས་བལ་གཞུང་ལ་དམག་གི་གུན་གསབ་ལྟ་བུ་ལོ་རེར་བལ་སྒོར་སྟོང་ཁྲབ་བཅུ་འམ་གོར་ཊམ་སྟོང་ཁྲག་ཉི་ཤུ་སྤྲོད་དགོས་པའི་འཆིང་ཡིག་འཇོག་གནང་མཛད་ཡོད་འདུག་པ་དང། དངུལ་འབབ་དེ་དག་བོད་ཟླ་ ༡ ཚེས་ ༡༥ འགྱང་མེད་བལ་གཞུང་ལ་འབུལ་སྤྲོད་ཐུབ་དགོས་ཡོད། དངུལ་འབབ་དེ་སྐྱེལ་མི་བོད་གཞུང་ནས་དིང་རི་དམག་སྒར་གྱི་མདའ་དཔོན་སྐུ་ཚབ་ཞལ་ངོ་ཞིག་གཏོང་སྲོལ་ཡོད། དེའི་ཁ་པར་ཞེས་པ་སྐད་སྒྱུར་ལས་བྱེད་ཞིག་ཀྱང་འགྲོ་དགོས་ཡོད། གོང་གསལ་དངུལ་འབབ་བོད་གཞུང་ལ་རྩིས་འབུལ་ཞུས་པའི་བལ་གཞུང་གི་དངུལ་འབབ་ཀྱི་འཕྲོད་འཛིན་བལ་ཡིག་ནང་གནང་གི་ཡོད་པ་དེ་བོད་ཡིག་ནང་བསྒྱུར་ཏེ་གཉའ་ནང་རྫོང་ལ་འབུལ་དགོས་ཡོད། སྐབས་དེ་དུས་དངུལ་དེ་དག་དེང་དུས་བཞིན་ཤོག་ལོར་མིན་སྟབས་ལྕགས་སྒོར་རྐྱང་པ་སོང་དེ་དག་ལྗིད་ཚད་མི་ཁལ་ལམ་དོ་བོ་གསུམ་བྱེད་ཀྱི་ཡོད་འདུག་པ་དེེ་དག་གཉའ་ནང་ཚོང་འདུས་ནས་བལ་ཡུལ་གྱི་ས་མཚམས་བར་ཚོང་འདུས་མི་མང་ནས་སྐྱེལ་འདྲེན་འུལ་ལག་དང་ཁྲལ་རྒྱུག་དགོས་ཡོད་བཅས་འདིར་དགོས་དབང་གི་ཕྱོགས་སྡུས་ཙམ་ཞིག་ཡིན་རྒྱས་པ་གཉའ་ནང་ཡུལ་སྤྱིའི་ཕྱི་ནང་སྣོད་བཅུད་ཀྱི་ལོ་རྒྱུས་ཞེས་པའི་དེབ་ནང་གསལ།

 

keyboard_arrow_up