ཇོ་བོ་ཤཱཀྱ་མུ་ནེ་ནི་རྒྱ་བཟའ་འུན་ཁྲེང་ཀོང་ཇོ་སྲོང་བཙན་སྒམ་པོའི་བཙུན་མོར་ཕེབས་སྐབས་གདན་དྲངས་པ་དེ་ཡིན།  ལོ་རྒྱུས་ཡིག་རྙིང་ལས་ཤོད་སྲོལ་མི་འདྲ་བ་གཉིས་འདུག་ཀྱང་ཡོངས་གྲགས་སུ་ལྟར་ན་སྔོན་བཅོམ་ལྡན་འདས་མཉན་ཡོད་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པའི་དུས།  འཕགས་པ་འཇམ་དཔལ་གྱིས་གསོལ་བ།  དད་ལྡན་སྐྱེ་བོ་ཐམས་ཅད་ཀྱི་ཚོགས་བསགས་པའི་རྟེན་ཞིག་བསྟན་དུ་གསོལ་བ་བཏབ་པ་ན།  བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་རྣམ་པ་བཞི་འཕྲོས་ཏེ།  གཅིག་ལྷ་ཚངས་པ་ལ་ཕོག  གཅིག་ཁྱབ་འཇུག་ལ་ཕོག  གཅིག་ལྷའི་དབང་པོ་བརྒྱ་བྱིན་ལ་ཕོག   གཅིག་བཟོ་བོའི་རྒྱལ་པོ་བི་ཤྭ་ཀརྨ་ལ་ཕོག་པས། ལྷ་ཚངས་པས།   ཆོས་སྐུའི་རྟེན་བཞེངས་པར་དམ་བཅས།  ཁྱབ་འཇུག་གིས་ཐུབ་པ་གངས་ཅན་མཚོ་བཞེངས་པར་དམ་བཅས།  ལྷའི་དབང་པོ་བརྒྱ་བྱིན་གྱིས་ད་ལྟ་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གཙང་ཁང་དབུས་མར་བཞུགས་པའི་ཇོ་བོ་ཤཱཀྱ་མུ་ནེ་འདི་ཉིད་སྐུ་རྒྱུ་ལྷའི་རིན་པོ་ཆེ་ལྔ་དང་།  མིའི་རིན་པོ་ཆེ་ལྔ་བཅས་ལས་བཅོམ་ལྡན་འདས་དགུང་ལོ་བཅུ་གཉིས་ལ་ཕེབས་སྐབས་ཀྱི་སྐུ་ཚད་ནི་གྲོང་ཁྱེར་མཉན་ཡོད་ཀྱི་སྒོ་མོ་ཆེའི་མ་ཐེམ་ལ་ཞབས་རེག་པས་ཡ་ཐེམ་ལ་དབུ་རེག་པ་ཡིན་ཞེས་སྐུ་བྱིས་པའི་དུས་ཀྱི་མ་མ་སྐྱེ་རྒུའི་བདག་མོས་ཆ་ཚད་བསྟན་པ་ལྟར་ལུགས་སུ་བླུགས།  དེ་ཡང་སྐུ་མདོག་གསེར་བཙོ་མ་ཕྱག་གཉིས་མཉམ་བཞག་དང་།  ས་གནོན།  མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞལ་མཐོང་བ་ཙམ་གྱིས་ཉོན་མོངས་དུག་གསུམ་ཞི།  ལྟ་བས་ཆོག་མི་ཤེས་པ།  སྟོན་པ་དངོས་ཀྱི་སྐུ་དང་ཁྱད་པར་མ་མཆིས་པ།  འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་རྟེན་དུ་བཞུགས་བཞིན་པ་འདིར་སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་རབ་ཏུ་གནས་པར་མཛད་དེ།   མེ་ཏོག་འཐོར་བཞིན་བྱིན་གྱིས་བརླབས་པར་མཛད།   ཤོད་རྒྱུན་དུ་རྟེན་འདི་ལྷ་རྣམས་ཀྱིས་སྤྱན་དྲངས་ཏེ་ལྷ་ཡུལ་དུ་ལོ་བརྒྱ་ཕྲག་གཅིག་བཞུགས།  དེ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་སྤྱན་དྲངས།  དེར་ལོ་ལྔ་བརྒྱ་བཞུགས་ཞེས་ཟེར་སྲོལ་འདུག   དེ་ནས་རྒྱ་གར་རྡོ་རྗེ་གདན་དུ་ལོ་ལྔ་བརྒྱ་བཞུགས།  དེ་ནས་སྐབས་ཤིག་ལ་རྒྱ་གར་གྱི་ཆོས་རྒྱལ་དྷརྨ་པཱ་ལ་དང་རྒྱ་ནག་གི་རྒྱ་རྗེ་སྤྲེ་སྟི་མ་ཛ་ཡ་གཉིས་མ་མཐོང་མ་འཕྲད་པའི་གྲོགས་པོ་བྱས།   རྒྱ་ནག་གི་རྒྱལ་པོས་རྒྱ་གར་གྱི་རྒྱལ་པོ་ལ་སྐྱེས་ཐེངས་གསུམ་བསྐུར་བའི་མཐའ་མར་ཟ་འོག་གི་གོས་སྲུབ་མེད་པ་དཔལ་བེའུ་བཞི་སྙིང་གའི་ཐོག་ཐད་ཀར་བཀྲམ་པ་ཞིག་དང་།  ཡི་གེ་གཅིག་བཅས་བཅུ་བསྐུར་བར།   ཡི་གེའི་ནང་།  རྒྱ་གར་ཆོས་སྐྱོང་རྒྱལ་པོ་བསྟན་པའི་བདག  ། བསོད་ནམས་བསགས་པས་རྟེན་གྱི་ཕོངས་པ་མེད།  ། བདག་ཅག་མཐའ་འཁོབ་རྒྱ་ནག་རྒྱལ་པོ་ང་།  ། རྒྱལ་བའི་བཀའ་མེད་སྟོན་པའི་སྐུ་མེད་ཅིང་། ། ཁྱེད་ཀྱིས་བདག་ལ་བཅོམ་ལྡན་འདས་ཀྱི་སྐུ།  ། དགུང་ལོ་བཅུ་གཉིས་བཞེས་པའི་སྐུ་ཚད་དང་།  ། མདོ་ལྔ་དག་དང་དགེ་སློང་བཞི་གྲྭ་གཅིག  ། བརྩེ་བས་བདག་ལ་གནང་བར་མཛད་དུ་གསོལ། ། ཅེས་འཁོད་འདུག་པར།  རྒྱལ་པོའི་ཐུགས་ལ།   ངའི་ཡུལ་ན་ཆོས་དང་།  སངས་རྒྱས་ཀྱི་སྐུ་གདུང་རིང་བསྲེལ།   ཉན་ཐོས་དང་བཅས་པ་ཡོད་པས་ཆོས་མི་ནུབ་ཅིང་།  རྒྱ་ནག་ན་ཆོས་དར་ཐུབ་པ་བྱུང་ན་ལེགས་པོ་འོང་མི་འོང་ཇོ་བོ་རང་ལ་གསོལ་བ་བཏབ་དགོངས་ནས།  སྐུ་བརྙན་འདིའི་དྲུང་དུ་བྱོན་པ་དང་།   སྔར་ཇོ་བོའི་ཞལ་ལྷོ་ལ་གཟིགས་པ་དེ།   ཤར་ལ་གཟིགས་འདུག་པས།   ཇོ་བོ་རང་ཉིད་ཀྱང་རྒྱ་ནག་ཏུ་བྱོན་པ་ལ་ཐུགས་དགྱེས་པར་འདུག་སྙམ་ནས།   གྲུ་གཟིངས་ཆེན་པོ་གཅིག་བྱས།  དེའི་སྟེང་དུ་ཇོ་བོ་ཤཱཀྱ་མུ་ནེ་དང་།  གསུང་རྟེན།  དགེ་སློང་གསུམ་བཞུགས།   དེའི་སྟེང་དུ་དར་དང་རིན་པོ་ཆེའི་གུར་ཕུབ།   རྒྱན་དུ་མས་བརྒྱན་ནས།  རྒྱ་གར་ནས་རྒྱ་ནག་ཏུ་འབབ་པའི་ཆུ་བོ་ཆེན་པོ་གཅིག་ཡོད་པར་གཟིངས་བཏང་ནས་ཆུ་ཐོག་ཏུ་གདན་དྲངས།  ཡི་གེ་དང་བཅས་བསྐུར་བར་རྒྱ་ནག་རྒྱལ་པོས་ཀྱང་དགའ་དང་སྤྲོ་གསུམ་གྱི་སྒོ་ནས་བསུ་བ་རོལ་མོ་བསམ་གྱིས་མི་ཁྱབ་པ་དང་།  རྒྱ་རྗེ་ཛ་ཡའི་ཕོ་བྲང་དུ་གདན་དྲངས།   རྒྱ་ནག་ཏུ་དམ་པའི་ཆོས་དར་ཞིང་འགྲོ་བའི་དོན་མཛད།  དེ་ནས་འུན་ཁྲེང་ཀོང་ཇོ་བོད་རྗེ་སྲོང་བཙན་སྒམ་པོའི་བཙུན་མོར་ཕེབས་སྐབས་རྟེན་སྐལ་དུ་བསྣམས་ཕེབས་ཏེ་ཐོག་མར་ར་མོ་ཆེ་གཙུག་ལག་ཁང་དུ་བཞུགས་ཤིང་།  རྗེས་སུ་རྒྱ་བཟའི་ཞལ་ཆེམས་ལྟར།  ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་གདན་དྲངས།   བོད་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ་༡༤༠༩ལོར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐོག་མར་འཛུགས་གནང་དང་སྦྲགས་གསེར་ཟངས་ཀྱི་པྲོག་ཞུ་འབུལ་བར་མཛད་དེ་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་རླབས་ཆེན་གྱི་མཛད་རྗེས་འཇོག་པར་མཛད་པ་ལགས་སོ། །

 

 

ཇོ་བོ་མི་བསྐྱོད་རྡོ་རྗེ་

བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་པ་འདི་ནི་དུས་རབས་རིམ་བྱུང་གི་འཕོ་འགྱུར་བྱུང་བ་ཞིག་རེད། བོད་སིལ་བུའི་སྐབས་ཚལ་པ་ཁྲི་དཔོན་དགའ་ལྡན་དཔལ་གྱིས་བདག་གཉེར་གནང་སྟེ་བཀུར་བསྟི་བ་དགེ་འདུན་བཞི་གྲྭ་བཙུགས་སྐབས་དེར་ར་མོ་ཆེ་བཞི་སྡེ་ཞེས་གྲགས། རྗེས་སུ་བཞི་སྡེ་ཟུར་སྐྲུན་མཛད། རྗེ་བཙུན་ཀུན་དགའ་དོན་གྲུབ་དབུས་སྟོད་དུ་བཞུགས་སྐབས་ལྷ་སར་ཆུ་ཉེན་བྱུང་ནས་ཁོང་གིས་བཟློག་པའི་བདག་རྐྱེན་དུ་ར་མོ་ཆེ་གཙུག་ལག་ཁང་འདི་ཕུལ་བས་དེ་ནས་བཟུང་རྒྱུད་སྟོད་གྲྭ་ཚང་གི་འཚོགས་ཡུལ་དུ་གྱུར། དེ་ནས་རིམ་བཞིན་སྡེ་སྲིད་ཟངས་རི་བ་བློ་བཟང་མཐུ་སྟོབས་ཀྱིས་ར་མོ་ཆེའི་ཇ་ཁང་ར་བ་དང་བཅས་པ་ཞིག་གསོ་གསར་བཞེངས་དང་བཀའ་འགྱུར་ཁྱད་འཕགས་བཅས་བཞེངས། ཕོ་ལྷ་མི་དབང་གིས་ཆོས་ར་གསར་བཞེངས་ཀྱིས་ཕུལ། དེ་བཞིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་བདག་གཉེར་རྐང་འཛིན་གྱིས་ཕྱི་ནང་ཀུན་ཏུ་ཉམས་གསོ་དང་། འདུ་ཁང་ཆེན་མོར་མཆོད་རྫས་སོགས་གང་ཅིར་ཐོགས་མེད་ཕྱག་འདོན་མཛད་དེ་བསྐྱངས།

keyboard_arrow_up